རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ སྔོན་འགྲོའི་གློག་ཐོག་སྐད་སྒྱུར་གྱི་རིམ་ལུགས་དང་ གློག་ཐོག་དཔེ་དེབ་ཚུ་གསར་བཏོན་འབད་ཡོདཔ་ཨིན།
རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ མོ་བཏབ་ཀྱི་རྫོང་ཁ་གློག་ཐོག་སྐད་སྒྱུར་གྱི་རིམ་ལུགས་ཅིག་ གསར་བཏོན་འབད་དེ་ཡོདཔ་ཨིན། དེ་ཡང་ རྫོང་ཁ་གོང་འཕེལ་ལྷན་ཚོགས་དང་ ཕུན་ཚོགས་གླིང་རིན་ཆེན་ལྡིངས་ལུ་ཡོད་པའི་ ཚན་རིག་དང་འཕྲུལ་རིག་མཐོ་རིམ་སློབ་གྲྭ་གཉིས་མཉམ་འབྲེལ་འབད་དེ་གྲུབ་ཡོདཔ་ཨིན། ཨིན་རུང་ རིམ་ལུགས་འདི་ད་རེས་ མི་དམངས་ཀྱི་དོན་ལུ་བཀྲམ་སྤེལ་མ་འབད་བར་ཡོདཔ་ཨིན། ཌི་ཇི་ཊཱལ་འབྲུག་གཡུལ་དམིགས་བསལ་ལས་འགུལ་གྱི་མ་དངུལ་རྒྱབ་སྐྱོར་འབད་དེ་ གསརཔ་མཁོ་སྒྲུབ་འབད་དེ་ཡོད་པའི་གློག་གནས་(Server) ཇི་པི་ཡུ་(GPU) འདི་ལུ་ རྫོང་ཁ་གོང་འཕེལ་ཚོགས་ཀྱིས་བཟོ་སྟེ་ཡོད་པའི་རྫོང་ཁའི་གནས་སྡུད་ཚུ་ལུ་སྦྱོང་བརྡར་བྱིན་དགོཔ་སྦེ་ཡོདཔ་ཨིན།
ལྷན་ཚོགས་ཡིག་ཚང་གིས་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༦ པའི་ནང་ལས་ ད་རེས་ཚུན་ཚོད་ཀྱི་ནང་འཁོད་ རྫོང་ཁའི་གནས་སྡུད་ ས་ཡ་གཅིག་ལྷགཔ་ཅིག་བཟོ་ཡོད་མི་འདི་ལག་ལེན་འཐབ་སྟེ་ སྐད་སྒྱུར་གྱི་རིམ་ལུགས་དང་པ་འདི་གསར་བཏོན་འབད་ནི་གི་འཆར་གཞི་འདུག། གཞན་ཡང་ ངག་ཐོག་ལས་ཡིག་ཐོག་སྐད་སྒྱུར་དང་ཡིག་ཐོག་ལས་ངག་ཐོག་སྐད་སྒྱུར་གྱི་རིམ་ལུགས་ཚུ་ཡང་ བཟོ་བའི་བསྒང་ཡོདཔ་ཨིན། སྐད་སྒྱུར་འདི་ལེགས་ཤོམ་སྦེ་རྐྱབ་ཚུགས་ནི་གི་དོན་ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་དང་ ཚན་རིག་དང་འཕྲུལ་རིག་མཐོ་རིམ་སློ་གྲྭ་གཉིས་ཀྱིས་ རྫོང་ཁའི་གནས་སྡུད་ ས་ཡ་ ༢ ལྷགཔ་ཅིག་བཟོ་ནི་གི་འཆར་གཞི་ཡོདཔ་ཨིན།
འདི་དང་གཅིག་ཁར་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ རྫོང་ཁའི་རྩོམ་རིགས་ཡར་རྒྱས་གཏང་ནི་གི་དོན་ལུ་ གློག་ཐོག་དཔེ་དེབ་ ༣ དཔེ་སྐྲུན་འབད་དེ་ཡོདཔ་ཨིན། དེ་ཡང་ བར་དོ་ཐོས་གྲོལ་ཆེན་མོ་དང་ དེང་སང་སོ་ནམ་འཕྲུལ་ཆས་དང་འབྲེལ་བའི་མིང་ཚིག་ཟེར་མི་དཔེ་དེབ་གཉིས་འདི་ ཆོས་སྐད་དང་ཨིང་སྐད་ནང་ལས་རྫོང་ཁའི་ནང་སྐད་སྒྱུར་འབད་དེ་ཡོདཔ་དང་ རྫོང་ཁའི་ཞིབ་འཚོལ་ཐབས་ལམ་ཟེར་མི་དཔེ་དེབ་འདི་ གསར་རྩོམ་འབད་དེ་ཡོདཔ་ཨིན། དཔེ་དེབ་ཚུ་ ལྷན་ཚོགས་ཀྱི་ཡོངས་འབྲེལ་ཁ་བྱང་ https://www.dzongkha.gov.bt/en/publications ནང་ལས་ འཐོབ་ཚུགས།