འབྲུག་གི་རྒྱལ་ཡོངས་ཡིག་མཛོད་འདི་ སྐད་ཡིག་རིག་པ་ སྐད་ཡིག་དང་འབྲེལ་བའི་ཞིབ་འཚོལ་མ་འདྲཝ་ཚུ་ལུ་ ཕན་ཐོགས་པའི་རྫོང་ཁའི་ཚིག་ཡིག་གི་ཡིག་མཛོད་སྣ་ཚོགས་ མང་རབས་ཅིག་ཡོད་མི་ཅིག་ཨིན། དེ་ཡང་ སྐད་ཡིག་ལུ་དང་འདོད་ཡོད་མི་ཞིབ་འཚོལ་པ་ སྐད་ཡིག་མཁས་མཆོག་ཚུ་ལུ་ ཡིག་ཐོག་དང་ངག་ཐོག་གཉིས་ཆ་རའི་ཐོག་ལུ་ ལག་ལེན་འཐབ་སྲོལ་ཡོད་པའི་རྫོང་ཁའི་སྐད་ཡིག་གི་ཁྱད་ཚབ་དང་ ཡོངས་ཚང་དཔེ་ཚད་ཅིག་སྦེ་བྱིན་ནིའི་དོན་ལུ་བཟོ་ཡོདཔ་ཨིན། རྒྱལ་ཡོངས་ཡིག་མཛོད་ཀྱི་འགོ་ཐོག་འཆར་གཞི་དེ་ སྤྱི་ལོ་ ༢༠༡༥ ལུ་བརྩམས་ཡོདཔ་དང་ རྒྱལ་ཡོངས་ཡིག་མཛོད་ཀྱི་ལག་ལེན་གཙོ་བོ་དག་པ་ཅིག་ནཱ་ལས་མར་བཀོད་དེ་ཡོདཔ་ཨིན།
སྐད་ཡིག་རིག་པའི་ཞིབ་འཚོལ། སྐད་ཡིག་མཁས་མཆོག་དང་ སྐད་ཡིག་ཞིབ་འཚོལ་པ་ཚུ་གིས་ རྒྱལ་ཡོངས་ཡིག་མཛོད་དེ་ རྫོང་ཁའི་སྐད་ཡིག་གི་ཁྱད་རྣམ། དཔེར་ན་ བརྡ་སྦྱོར། ཚིག་སྦྱོར། ཚིག་དོན་དང་སྐད་ཡིག་འབྲེལ་བརྗོད་ཀྱི་དཔེ་བཀོད་ཚུ་གི་ཐོག་ལུ་ ཞིབ་འཇུག་ཚུ་འབད་ནི་ལུ་ལག་ལེན་འཐབ་དོ་ཡོདཔ་དང་ ཡིག་མཛོད་དེ་གིས་ ཁུངས་བཙན་དང་གྲངས་བཙན་གྱི་སྐད་ཡིག་རིག་པའི་གནས་སྡུད་དབྱེ་དཔྱད་འབད་ནིའི་དོན་ལུ་ རྒྱ་ཆེ་བའི་རིམ་སྒྲིག་ཅན་གྱི་གནས་སྡུད་ཆ་ཚང་ཚུ་འཐོབ་ཚུགསཔ་ཨིན།
ཚིག་མཛོད་བརྩམ་ནིའི་ལཱ། ཚིག་མཛོད་རྩོམ་སྒྲིག་པ་དང་ ཚིག་མཛོད་ཕྱོགས་སྒྲིག་འབད་མི་ཚུ་གིས་ མིང་ཚིག་ལག་ལེན་དང་མིང་ཚིག་རིམ་སྒྲིག་གི་དཔེ་ཚུ་བསྡུ་ལེན་གྱི་དོན་ལུ་རྒྱལ་ཡོངས་ཡིག་མཛོད་ལག་ལེན་འཐབ་ཨིནམ་དང་ དེ་གིས་ ཚིག་མཛོད། མིང་གི་རྣམ་གྲངས། སྐད་ཡིག་ཁུངས་གཏུགས་ཀྱི་ཡིག་ཆ་ཚུ་ ཕྱོགས་སྒྲིག་དང་བསྐྱར་ཞིབ་འབད་ནི་ནང་ཕན་ཐོགསཔ་ཨིན།
སྐད་ཡིག་སློབ་སྟོན་དང་ལྷབ་སྦྱང་། རྫོང་ཁའི་སློབ་སྟོན་པ་དང་ལྷབ་སྦྱང་པ་ཚུ་གིས་ སྐབས་འབབ་དང་བསྟུན་པའི་རྫོང་ཁ་ལག་ལེན་འཐབ་ཐངས་ཀྱི་དཔེ་ བདེན་ཁུངས་ཅན་ཚུ་ རྒྱལ་ཡོངས་ཡིག་མཛོད་ནང་ལས་བལྟ་སྤྱོད་འབད་ཚུགས་པའི་ཁར་ དེ་གིས་ལྷབ་སྦྱང་པ་ཚུ་ལུ་ མིང་ཚིག་དང་ཚོགས་ཚིག་ཚུ་ གནས་སྟངས་ངོ་མའི་ནང་ག་དེ་སྦེ་ར་ལག་ལེན་འཐབ་དོ་ཡོདཔ་ཨིན་ན་ཚུ་ ཧ་གོ་ནི་ལུ་ལྷན་ཐབས་འབདཝ་ཨིན།
སྐད་སྦྱོར་རིག་པ། སྐད་སྦྱོར་རིག་པའི་ཞིབ་འཚོལ་པ་དང་སྐད་སྦྱོར་རིག་པ་བཟོ་མི་ཚུ་གིས་ རྒྱལ་ཡོངས་ཡིག་མཛོད་དེ་ སྐད་ཡིག་གི་དཔེ་གཞི། གློག་ཐོག་སྐད་སྒྱུར་རིམ་ལུགས། འདུ་ཤེས་དབྱེ་དཔྱད་ཀྱི་ལག་ཆས་དང་ གཞན་ཡང་སྐད་ཡིག་དང་འབྲེལ་བའི་ལག་ལེན་སྣ་ཚོགས་ཚུ་ དབྱེ་ཞིབ་འབད་ནིའི་དོན་ལུ་ལག་ལེན་འཐབ་ཨིན།
མི་སྡེའི་སྐད་ཡིག་མཁས་མཆོག་དང་གཡུས་སྐད་རིག་པ། མི་སྡེའི་སྐད་ཡིག་མཁས་མཆོག་ཚུ་གིས་རྒྱལ་ཡོངས་ཡིག་མཛོད་དེ་ ལུང་ཕྱོགས་སོ་སོ་དང་ མི་སྡེའི་སྡེ་ཚན་ དེ་ལས་དུས་སྐབས་ཚུ་གི་ནང་ལས་ཕར་ སྐད་ཡིག་གི་འགྱུར་ཁྱད་ཚུ་དབྱེ་དཔྱད་འབད་ནི་ལུ་ ལག་ལེན་འཐབ་དོ་ཡོདཔ་དང་ དེ་གིས་ལུང་པའི་ཁ་སྐད། སྐད་ཡིག་གི་འགྱུར་བ་དང་ མི་སྡེའི་སྐད་ཡིག་གི་རང་བཞིན་ཚུ་ ལྷབ་སྦྱང་འབད་ནི་ལུ་ཕན་ཐོགསཔ་ཨིན།
ཡིག་མཛོད་སྐད་ཡིག་རིག་པ། རྒྱལ་ཡོངས་ཡིག་མཛོད་དེ་ ཡིག་མཛོད་དང་འབྲེལ་བའི་སྐད་ཡིག་རིག་པ་ཚུ་ལུ་ ཚིག་ཡིག་གི་ཕུང་པོ་ཚུ་དབྱེ་དཔྱད་ཐོག་ལས་ སྐད་ཡིག་རིག་པའི་དཔེ་རིས་དང་གྲོས་ཚུ་ དབྱེ་དཔྱད་འབད་ནིའི་དམིགས་གཏད་སྐྱེད་མི་ཚུ་ལུ་ ཕན་པའི་ཆ་རྐྱེན་ཅིག་ཨིནམ་དང་ དེ་གིས་ སྐད་ཡིག་རིག་པའི་རྣམ་གཞག་དང་དཔེ་གཞི་ཚུ་ བཟོ་ནི་ལུ་ལྷན་ཐབས་འབདཝ་ཨིན།
སློབ་རིག་ཞིབ་འཚོལ། ཞིབ་འཚོལ་པ་ཚུ་གིས་འབད་བ་ཅིན་ རྒྱལ་ཡོངས་ཡིག་མཛོད་དེ་ རྩོམ་རིག། བརྡ་སྤྲོད་ཀྱི་སློབ་སྦྱོང་། མི་རིགས་རིག་པ། སེམས་ཁམས་རིག་པའི་ལཱ་གཞི་ཚུ་གི་དོན་ལུ་ སྐད་ཡིག་དང་འབྲེལ་བའི་དོན་ཚན་ཚུ་ དབྱེ་དཔྱད་འབད་ནིའི་རྒྱབ་རྟེན་སྦེ་ ལག་ལེན་འཐབ་དོ་ཡོདཔ་ཨིན།
ཚིག་ཡིག་དབྱེ་དཔྱད་དང་བརྡ་དོན་སླར་ཐོབ། རྒྱལ་ཡོངས་ཡིག་མཛོད་དེ་ ཚིག་ཡིག་གི་ཕུང་པོ་ཚུ་གི་ནང་ལས་ ཕན་ཐོགས་ཅན་གྱི་མཁྱེན་རྒྱ་དང་བརྡ་དོན་ཚུ་སྟོན་ནིའི་དོན་ལུ་ ཚིག་ཡིག་དབྱེ་དཔྱད་དང་བརྡ་དོན་སླར་ཐོབ་ཀྱི་ལཱ་ཚུ་འབད་ནིའི་དོན་ལུ་ ལག་ལེན་འཐབ་ཨིན།
སྐད་ཡིག་གི་སྲིད་བྱུས་དང་འཆར་གཞི། གཞུང་དང་སྐད་ཡིག་གི་སྲིད་བྱུས་རྩམ་མི་ཚུ་གིས་འབད་བ་ཅིན་ རྒྱལ་ཡོངས་ཡིག་མཛོད་དེ་ སྐད་ཡིག་ལག་ལེན་གྱི་དཔེ་གཞི་བཟོ་ནིའི་དོན་ལུ་དང་ སྐད་ཡིག་གི་སྲིད་འཆར་ཚུ་གི་ཐད་ལུ་ གྲོས་སྟོན་ཐོག་ལུ་གྲོས་ཐག་གཅད་ནིའི་དོན་ལུ་ཡང་ ལག་ལེན་འཐབ་ཨིན།
བཅུད་བསྡུ་བ་ཅིན་ རྒྱལ་ཡོངས་ཡིག་མཛོད་དེ་གིས་རྫོང་ཁའི་སྐད་ཡིག་འདི་ གནད་དོན་མ་འདྲཝ་ཚུ་ནང་ག་དེ་སྦེ་ལག་ལེན་འཐབ་དོ་ག་ ཧ་གོ་ནི་ལུ་ཕན་ཐོགས་ཅན་གྱི་རྒྱུ་ཁུངས་ཅིག་འབད་བའི་ཁར་ སྐད་ཡིག་རིག་པ་དང་སྐད་ཡིག་དང་འབྲེལ་བའི་ཡོན་ཏན་ཚུ་ཡང་ རྒྱ་སྐྱེད་གཏང་ཚུགསཔ་ཨིན།
Disclaimer: The Bhutan National Corpus is freely available for use; however, it cannot be used for commercial purposes.