Loading Language ...
རྫོང་ཁ། English
བདེ་སྲུངཔ་ཤོ་ཐེངས་ ༣༡ པ་ལུ་ རྒྱལ་ཡོངས་སྐད་ཡིག་གི་སྐོར་ལས་གསལ་བཤད། - Dzongkha Development Comission

གནས་ཚུལ།

Tweet
གློག་འཕྲིན།

བདེ་སྲུངཔ་ཤོ་ཐེངས་ ༣༡ པ་ལུ་ རྒྱལ་ཡོངས་སྐད་ཡིག་གི་སྐོར་ལས་གསལ་བཤད།

07 / ༡༢ / 2018 བཙུགས་མི། Tenzin Namgyel

སྤྱི་ཚེས་ ༠༣/༡༢/༢༠༡༨ ལུ་ བསྟན་སྐྱོང་གླིང་དྲག་པོའི་དམག་སྦྱོང་ལྟེ་བའི་ནང་ བདེ་སྲུངཔ་ཤོ་ཐེངས་ ༣༡ པ་ སྦྱོང་བརྡར་འབད་མི་ན་གཞོན་ ༡༢༥ ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་དྲུང་ཆེན་གྱིས་ རྒྱལ་ཡོངས་སྐད་ཡིག་རྫོང་ཁ་བདག་འཛིན་འཐབ་དགོཔ་ཁག་ཆེ་བའི་སྐོར་ལས་གསལ་བཤད་གནང་ཡི། དྲུང་ཆེན་གྱིས་གསུངས་མི་ནང་ འབྲུག་རྒྱལ་ཁབ་ནང་ ཁ་སྐད་བསྡོམས་ཀྱི་ ༡༩ ཡོད་ས་ལས་ རྫོང་ཁ་འདི་ སྤྱི་ལོ་ ༡༩༧༡ ལུ་ མི་དབང་འབྲུག་རྒྱལ་གསུམ་པ་ དཔལ་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གི་ཞབས་ལས་ རྒྱལ་ཡོངས་སྐད་ཡིག་ཨིནམ་སྦེ་གསལ་བསྒྲགས་མཛད་གནང་མི་དང་བསྟུན་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ནང་ཡང་གསལ་རི་རི་སྦེ་བཀོད་དེ་ཡོད་ཟེར་གསུངས་ཡི། རྫོང་ཁ་འདི་ རྒྱལ་ཁབ་གཞན་ག་ཏེ་ལུ་ཡང་སླབ་སྲོལ་མེདཔ་ལས་ རྒྱལ་ཁབ་རང་དབང་གི་ངོ་རྟགས་ངོ་མ་ཅིག་ཨིན་པའི་ཁར་ འབྲུག་རྒྱལ་ཁབ་འདི་ ནང་པ་ཆོས་ལྡན་གྱི་རྒྱལ་ཁབ་ཅིག་འབདཝ་ལས་ ཆོས་དང་རིག་གཞུང་ དེ་ལས་ལམ་སྲོལ་ཚུ་ རྒྱུན་སྐྱོང་སྤེལ་གསུམ་འབད་ནི་ལུ་ མེད་ཐབས་མེདཔ་ཅིག་ཨིན་ཟེར་གསུངས་ཡི། དེའི་གུ་ རྫོང་ཁ་འདི་ འབྲུག་མི་ཁ་སྐད་སོ་སོ་སླབ་མི་ཚུ་གི་བར་ན་ རྒྱུན་ལམ་བཟུམ་སྦེ་ བརྡ་དོན་སྤྲོད་ལེན་གྱི་ཁ་སྐད་གཙོ་བོ་ཅིག་འབདཝ་ལས་ མི་སྡེའི་ནང་ཞི་བདེ་དང་དགའ་སྐྱིད་ གཅིག་སྒྲིལ་དང་གཅིག་མཐུན་ རྩ་བརྟན་བཞག་ནི་ལུ་ཡང་ག་ནི་བ་གལ་ཆེ་ཟེར་གསུངས་ཡི། ཨིན་རུང་ ད་རེས་ཀྱི་གནས་སྟངས་ལུ་ལྟ་བ་ཅིན་ རྒྱལ་ཡོངས་སྐད་ཡིག་རྫོང་ཁ་ལུ་ ངོས་ལེན་དང་རྒྱབ་སྐྱོར་ལེགས་ཤོམ་མིན་འདུག་ཟེར་ཨིན་མས། དེ་གིས་སྦེ་ རྒྱལ་ཡོངས་སྐད་ཡིག་ཉམས་ནིའི་ཉེན་ཁ་དང་ཚ་གྱང་ཡོད་ལུགས་ཚུ་གསུངས་ཡི།

མི་གི་མནོ་བསམ་གཏང་ཐངས་འདི་ ཁ་སྐད་ལས་བརྟེན་ཏེ་བྱུངམ་ལས་ རང་གི་ཁ་སྐད་འདི་སོར་ཡར་སོང་པ་ཅིན་ མནོ་བསམ་གཏང་ཐངས་ཡང་སོར་འགྱོཝ་ཨིན་མས། དེ་སྦེ་ རང་གི་བརྩི་མཐོང་དང་ལམ་སྲོལ་ཚུ་སོར་ཏེ་ གསརཔ་ཚུ་འཛུལ་འོང་པའི་བསྒང་ལས་ རང་གི་མི་སྡེའི་ནང་ལུ་མཐུན་ཏོག་ཏོ་སྦེ་སྡོད་ནི་ལུ་ཡང་ཐོ་ཕོག་འོང་ཟེར་གསུངས་ཡི། འདི་བཟུམ་སྦེ་ ཁ་སྐད་འདི་ཉམས་འགྱོ་བའི་བསྒང་ལས་ རང་གི་ཁ་སྐད་ནང་ཡོད་པའི་སྔར་སྲོལ་གྱི་ངག་ཐོག་རྩོམ་རིག་ དཔེར་ན་ ཞབས་ཁྲ། གཙང་མོ། བློ་ཟེ། གཏམ་རྒྱུད། སྲུང་། སྙན་རྩོམ་ལ་སོགས་པ་ཚུ་ གཅིག་ཁར་ཉམས་འགྱོ་འོང་ཟེར་གསུངས་ཡི། དེ་གིས་མ་ཚད་ ང་བཅས་ར་ མི་རིགས་སོ་སོ་ཨིན་པའི་ངོས་འཛིན་འདི་ གཙོ་བོ་ ཁ་སྐད་ལུ་གཞི་བཞག་སྟེ་ཕྱེཝ་ལས་ རང་གི་ཁ་སྐད་འདི་སོར་ད་པ་ཅིན་ རང་མི་རིགས་སོ་སོར་ཨིན་པའི་ངོ་རྟགས་དང་ ཁྱད་ཆོས་ཡང་གཅིག་ཁར་འབྱངམ་ཨིན་མས། དེ་ལས་བརྟེན་ ང་བཅས་རའི་ རྒྱལ་ཡོངས་སྐད་ཡིག་རྫོང་ཁ་འདི་ འབྲུག་མི་ཆེ་འབྲིང་ཆུང་གསུམ་ག་ར་གིས་ གཙོ་བོར་བཏོན་ཏེ་ག་དེ་དྲག་དྲག་ལག་ལེན་འཐབ་གནང་དགོ་པའི་དྲན་སྐུལ་མཛད་གནང་ཡི།

གནས་ཚུལ་འཚོལ།

གསད།

གནས་ཚུལ་གྱི་གཏན་མཛོད།

བསམ་འཆར་བསྡུ་ལེན།