
རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ སྤྱི་ཚེས་༢-༣/༠༢/༢༠༡༨ ཚུན་ ཉིན་གྲངས་༢ ཀྱི་རིང་ལུ་ ཐིམ་ཕུག་ལུ་སྦེ་བརྡ་བརྒྱུདཔ་ཁག་གསུམ་ལུ་རྫོང་ཁའི་ཁ་གསོ་སློབ་སྦྱོང་ཅིག་འགོ་འདྲེན་འཐབ་ཡོད། བརྡ་བརྒྱུདཔ་ཁག་༣ འདི་ཡང་ རྩོམ་སྒྲིག་ཐོག་གི་གསར་ཤོག་དང་ ངག་ཐོག་གི་རེ་ཌིའོ་ དེ་ལས་རྒྱང་མཐོང་ཚུ་ཨིན། བརྡ་བརྒྱུདཔ་བསྡོམས་༣༦ གིས་བཅའ་མར་གཏོགས་ཡོདཔ་ཨིན། སློབ་སྦྱོང་སྐབས་ཀྱི་དོན་ཚན་ཚུ་ཡང་ རྫོང་ཁའི་སྲིད་བྱུས། གློག་རིག་དང་འགྲུལ་འཕྲིན་ནང་རྫོང་ཁའི་ལག་ལེན། བརྡ་སྦྱོར། རྗོད་སྒྲ། རྒྱབ་རྟེན་དཔེ་དེབ། དེ་ལས་བརྡ་བརྒྱུད་ཚུ་ནང་རྫོང་ཁའི་དཀའ་ངལ་ཚུ་ཨིན། སློབ་སྦྱོང་སྐབས་ དྲི་བ་དྲིས་ལན་དང་བསམ་འཆར་བརྗེ་སོར་ཚུ་ཡང་འབད་ཡོད། སློབ་སྦྱོང་ནང་ཀུན་གསལ་ལས་འཛིན། འབྲུག་རྒྱང་བསྒྲགས་ལས་འཛིན། འབྲུག་གནས་ཚུལ། འབྲུག་དུས་ཚོད། སྐུ་གཟུགས་རེ་ཌེའོ། ཡིད་དགའ་རེ་ཌིའོ་ཚུ་ལས་བཅའ་མར་གཏོགས་ཡོདཔ་ཨིན།