རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ རྫོང་ཁའི་ཤེས་ཚད་བརྟག་ཞིབ་ཆོས་རྒྱུགས་ ༼རྫོང་རྒྱུགས།༽ ཟེར་བའི་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁའི་ལྕོགས་གྲུབ་དང་ཤེས་ཚད་དབྱེ་ཞིབ་འབད་ནིའི་ལམ་ལུགས་ཅིག་བཟོ་ཡོད་མི་འདི་ ད་རེས་ རྒྱལ་ཁབ་ཀྱི་མཐོ་རིམ་སློབ་གྲྭ་དེ་ཚུ་ནང་ལས་ཕར་ མོ་བཏབ་ཀྱི་ལས་རིམ་འགོ་འདྲེན་འཐབ་དོ་ཡོདཔ་ཨིན། རྫོང་རྒྱུགས་ཀྱི་མོ་བཏབ་ལས་རིམ་འདི་ ད་ལྟོ་ཚུན་ཚོད་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེའི་སྦྱོང་བརྡར་པ་ ༢༠ དང་། ཐིམ་ཕུག་རྒྱལ་འཛིན་མཐོ་རིམ་སློབ་གྲྭའི་སློབ་ཕྲུག་ ༨༦། དེ་ལས་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་སློབ་ཕྲུག་ ༧༤ དང་གཅིག་ཁར་འགོ་འདྲེན་འཐབ་ཡོད། མོ་བཏབ་ཀྱི་ལས་རིམ་འགོ་འདྲེན་འཐབ་དགོ་པའི་དམིགས་ཡུལ་འདི་ཡང་ ལམ་ལུགས་འདི་དངོས་སུ་སྦེ་ལག་ལེན་འཐབ་པའི་སྐབས་ སྟབས་མ་བདེཝ་ཡོད་མི་ཚུ་ ངོས་འཛིན་འབད་དེ་ལེགས་བཅོས་འབད་ནིའི་དོན་ལུ་ཨིན།
རྫོང་རྒྱུགས་ཀྱི་ལམ་ལུགས་བཟོ་དགོ་མི་འདི་ རྒྱལ་ཁབ་ནང་ རྫོང་ཁའི་ཤེས་ཚད་བརྟག་དཔྱད་འབད་ནིའི་དོན་ལུ་ གནས་ཚད་ལྡན་པའི་ལམ་ལུགས་གཅིག་མཚུངས་ཅིག་གཞི་བཙུགས་འབད་ནི་ལུ་དམིགས་གཏད་བསྐྱེད་དེ་ཨིན། ལམ་ལུགས་འདི་གིས་ རྫོང་ཁ་ཡར་རྒྱས་གཏང་ནི་དང་ཚད་ལྡན་བཟོ་ནི་གིས་མ་ཚད་པར་ གཞུང་ལུ་ རྫོང་ཁའི་ཆོས་རྒྱུགས་དང་འབྲེལ་བའི་ཟད་འགྲོ་ཚུ་མར་ཕབ་འབད་ནི་ལུ་ཁེ་ཕན་སྦོམ་ཡོདཔ་ཨིན།
རྫོང་རྒྱུགས་འདི་ རྒྱལ་སྤྱི་དང་རྒྱལ་ཁབ་ནང་འཁོད་ཀྱི་ སྐད་ཡིག་དབྱེ་ཞིབ་འབད་ཐངས་ཀྱི་ལམ་ལུགས་མང་རབས་ཅིག་གུར་ཞིབ་འཚོལ་འབད་དེ་ ཁྱད་ཆོས་འོས་འབབ་ཡོད་མི་ཚུ་བཙུགས་ཡོད་པའི་ནང་ལས་ གཙོ་བོ་ རྒྱལ་སྤྱིའི་ཨིང་ལིཤི་བརྟག་ཞིབ་ལམ་ལུགས་ (IELTS) ལུ་གཞི་བཞག་སྟེ་བཟོ་ཡོདཔ་ཨིན། རྫོང་རྒྱུགས་འདི་གིས་ རྫོང་ཁ་སླབ་ནི་དང་ཉན་ནི། འབྲི་ནི། ལྷག་ནིའི་རིག་རྩལ་བཞི་གི་ལྕོགས་གྲུབ་དབྱེ་ཞིབ་འབདཝ་ཨིན།
རྫོང་རྒྱུགས་ལམ་ལུགས་འདི་ འཕྲལ་ར་ ས་གནས་གཞུང་གི་འགོ་ཁྲིདཔ་ཚུ་དང་ཡང་མོ་བཏབ་འབད་ཞིན་ན་ གནང་བའི་དོན་ལུ་གཞུང་ལུ་མ་ཕུལ་བའི་ཧེ་མ་ འབྲེལ་ཡོད་གཙུག་སྡེ་ཚུ་ལུ་སྤྱན་ཞུ་ཕུལ་ནི་ཨིན་པའི་གནས་ཚུལ།