ནད་ཡམས་ཀོ་ཝིཊ-༡༩ ཁྱབ་སྤེལ་འགྱོ་ནི་ལས་བཀག་ཐབས་ལུ་ འབྲུག་ལུ་ སྤྱི་ཟླ་ ༨ པའི་ཚེས་ ༡༡ ལུ་ འགྲོ་འགྲུལ་བཀག་དམ་འགོ་ཐོག་ འགོ་འདྲེན་འཐབ་ཡོདཔ་ཨིན། ད་རེས་ ཉིན་གྲངས་ ༢༡ ལངས་ཡོད་མི་དང་འབྲེལ་ ང་བཅས་ཀྱི་སེམས་ཁར་ འགྲོ་འགྲུལ་བཀག་དམ་གྱི་ལས་རིམ་འདི་ མཐར་འཁྱོལ་ཅན་ཅིག་ལུ་འགྱུར་ཡོད་པའི་ངེས་ཤེས་འདྲོངས་ཡོདཔ་ཨིན། འདི་གིས་ ང་བཅས་ར་འབྲུག་པའི་མི་སེར་གྱི་ཁྱད་ཆོས་གསལ་བཏོན་འབདཝ་ཨིན།
• གཞུང་གི་ཁ་ཐུག་ལས་ མི་སེར་ཡོངས་ལུ་ རང་སོའི་དཀའ་ངལ་དང་ བྱ་སྟབས་མ་བདེཝ་ཚུ་སྦ་བཞག་ཏེ་ རང་སོའི་ཁྱིམ་ནང་རང་སྡོད་མི་འདི་ལུ་ བཀྲིན་ཆེ་ཟེར་ཞུ་ནི། མི་སེར་ཚུ་ག་ར་གིས་ རང་སོའི་བདེ་བ་ཚུ་བློས་གཏང་ཡོདཔ་ཨིནམ་ ང་བཅས་ཀྱིས་ལེགས་ཤོམ་སྦེ་རང་ཧ་གོ།
• ཕྱོགས་གཅིག་ལས་ བྱ་སྟབས་མ་བདེ་བའི་དཀའ་ངལ་དང་ ཕྱོགས་གཅིག་ལས་ ཉིན་གྲངས་ ༢༡ གི་འགྲོ་འགྲུལ་བཀག་དམ་འདི་གིས་ ཧེ་མ་ལས་ཉམས་ཆག་འབྱུང་ཡོད་པའི་དཔལ་འབྱོར་ལུ་ བྱེམ་སྦོམ་རང་ཕོག་ཡོདཔ་ཨིན། མི་སེར་ཚུ་གི་འོང་འབབ་ལུ་ཐོ་ཕོག་ཡོདཔ་མ་ཚད་ རང་སོའི་ཚོང་ལཱ་དང་ འཚོ་བའི་གནས་སྟངས་ཚུ་ཡང་ ཁྱད་དུ་གསོད་དགོཔ་འཐོན་ཡོདཔ་ཨིན།
• ཨིན་རུང་ འཛམ་གླིང་རྒྱལ་ཁབ་གཞན་ཚུ་ནང་ དུས་ཚོད་འདི་བཟུམ་གྱི་སྐབས་སུ་ མི་སེར་ཚུ་གི་ཧོངས་ལས་ འདི་བཟུམ་མའི་གཅིག་མཐུན་དང་རྒྱབ་སྐྱོར་ཚུ་ ང་བཅས་རའི་རྒྱབ་ཁབ་བཟུམ་འཐོབ་པར་དཀོན།
• མི་དམངས་ཀྱི་ཁ་ཐུག་ལས་ རང་སོའི་ཁྱིམ་ནང་སྡོད་དེ་ ནད་ཡམས་འདི་ ཁྱབ་སྤེལ་འགྱོ་སྲིད་ནི་ཨིན་མི་ལས་ བཀག་ཐབས་ལུ་ འགན་འཁུར་འབག་ཡོདཔ་དང་ དེ་སྐབས་ གསོ་བའི་ལས་བྱེདཔ་དང་ གཞན་གདོང་ཁར་འཐོན་ཏེ་ ལཱ་འབད་མི་ཚུ་གིས་ རྒྱལ་ཁབ་ནང་ལུ་ ནད་ཡམས་འདི་ ཚད་འཛིན་དང་ བཀག་ཐབས་འབད་ནིའི་ ལཱ་འགན་འབག་ཡོདཔ་ཨིན།
• ནད་ཡམས་འདི་བཀག་ནིའི་ཐབས་ལམ་ངོ་མ་རང་ དོན་སྨིན་ཅན་གྱི་འགྲོ་འགྲུལ་བཀག་དམ་ལས་རིམ་འདི་དང་ རིན་མེད་ཐོག་ལས་ཁུངས་ལྡན་གྱི་བརྟག་དཔྱད་འབད་ནི་འདི་ཨིན།
• ནད་ཡམས་འདི་ལུ་ གདོང་ལེན་འབད་ནིའི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་དབུ་ཁྲིད་བཟང་པོའི་ཐོག་ལས་ མི་ངོམ་ག་ར་གིས་ རང་སོའི་འགན་འཁུར་འབག་ཡོདཔ་ཨིན། འདི་བཟུམ་མའི་སྙིས་རུས་དང་ བློ་སྟོབས་ལུ་བརྟེན་ ང་བཅས་ཀྱིས་ ནད་ཡམས་འདི་བཀག་ཚུགས་པའི་བློ་སྤོབས་བསྐྱེད་ཚུགས་ཏེ་ཡོད།
• མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ ཡང་ལས་ཡང་དུ་ ཤེས་རབ་དང་ལྡན་པའི་མི་སེར་དང་ རང་སོའི་འགན་འཁུར་འབག་ཤེས་པའི་མི་སེར་ཚུ་ལུ་ འདི་བཟུམ་མའི་འགྲོ་འགྲུལ་བཀག་དམ་འབད་ནི་འདི་ མ་རུངམ་ཅིག་ཨིནམ་སྦེ་གསུངས་ཡོདཔ་ཨིན། འདི་བཟུམ་མའི་ འགྲོ་འགྲུལ་བཀག་དམ་འདི་ ག་འདེ་ཉུང་ཉུང་བཟོ་དགོཔ་སྦེ་གསུངས་ཡོདཔ་ཨིན།
• དེ་བཞིན་ ང་བཅས་ཀྱིས་ འགྲོ་འགྲུལ་བཀག་དམ་ཆ་མེད་ཀྱི་ཐབས་ལམ་ཚུ་ ནད་ཡམས་ཀྱི་གནས་སྟངས་ཚུ་སེམས་ཁར་བཞག་སྟེ་ ལེགས་ཤོམ་སྦེ་ཚོད་དཔག་འབད་དེ་ འགོ་འདྲེན་འཐབ་དགོཔ་ཨིན།
• འགྲོ་འགྲུལ་བཀག་དམ་ ཉིན་གྲངས་ ༢༡ གི་རིང་འབད་མི་འདི་ཡང་ ནད་ཡམས་བརྟག་དཔྱད་རིག་པའི་ཐོག་ལས་ བདེན་དཔྱད་འབད་དེ་ ཤེས་རྟོགས་འབྱུང་ཡོད་མི་དང་འཁྲིལཝ་ད་ འགོ་ནད་མང་ཆེ་ཤོས་གཅིག་ བདུན་ཕྲག་གསུམ་གྱི་ནང་འཁོད་ ནད་ལས་དྲག་དོ་ཡོད་མི་ལུ་གཞི་བཞག་སྟེ་ བརྩི་འཇོག་འབད་ཡོདཔ་ཨིན། གལ་སྲིད་མི་གཅིག་ལུ་ ནད་ཡམས་འདི་འཐོབ་ཡོད་རུང་ བདུན་ཕྲག་གསུམ་པ་མཇུག་བསྡུ་ཁམས་ལུ་ དྲག་དོ་ཡོདཔ་དང་ འདི་གིས་ཁྱབ་སྤེལ་འགྱོ་ནི་གི་རྒྱུན་འདི་བཅད་ཚུགསཔ་ཨིན། ཁྱོད་ཀྱིས་ རང་སོའི་ཁྱིམ་ནང་སྡོད་མི་འདི་གིས་ མི་སྡེ་ནང་ ནད་གཞི་འདི་ འཐོབ་ནིའི་ཉེན་ཁ་ཡོད་པའི་མི་ངོམ་ཚུ་ལུ་ སྤེལ་མ་བཅུག་པར་བཞག་ནི་ལུ་ཕན་ཐོགས་ཡོདཔ་ཨིན།
• ང་བཅས་ཀྱིས་ ཟུར་བཞག་ཉིན་གྲངས་ ༢༡ གི་རིང་ ངེས་པར་དུ་སྡོད་དགོཔ་བཟོ་ཡོད་མི་འདི་གིས་ཡང་ ང་བཅས་རང་ བློ་བདེ་དགོ་པའི་གནས་དོན་གཅིག་ཨིན།
• ཕྱིའི་རྒྱལ་ཁབ་མང་ཤོས་གཅིག་གི་ཉམས་མྱོང་དང་འཁྲིལཝ་ད་ ནད་ཡམས་ཀོ་ཝིཊ-༡༩ འདི་ འགྲོ་འགྲུལ་བཀག་དམ་ཆ་མེད་བཟོ་བའི་ཤུལ་ལས་ བདུན་ཕྲག་གཉིས་པམ་ནང་ ཡར་འཕར་འགྱོ་དོ་ཡོད་པའི་ ངོས་འཛིན་འབྱུང་ཡོདཔ་ཨིན། འདི་འབདཝ་ལས་ ང་བཅས་ཀྱིས་ འགྲོ་འགྲུལ་བཀག་དམ་ཆ་མེད་གཏང་ནི་འདི་ཡང་ གོ་རིམ་བཞིན་དུ་གོ་ལས་སྦེ་གོ་ཡངས་སུ་བཟོ་ནི་ཨིན།
• ནད་ཡམས་འདི་ རྩ་མེད་འགྱོ་ནི་ལུ་ དུས་ཡུན་འགོར་ནི་ཨིནམ་ལས་ གཞུང་གི་ཁ་ཐུག་ལས་ མི་དམངས་ཀྱི་འཕྲོད་བསྟེན་དང་ ཉེན་སྲུང་ཚུ་ ག་ནི་བ་ཁག་ཆེཝ་སྦེ་གཙོ་རིམ་བཟུང་ནི་ཨིན།
• འདི་དང་གཅིག་ཁར་ ང་བཅས་ག་ར་གིས་ གོམས་གཤིས་གསརཔ་དང་ འགན་འཁུར་གསརཔ་འབག་པ་ཅིན་རྐྱངམ་ཅིག་ འཚོ་བའི་གནས་སྟངས་གསརཔ་འདི་དོན་དང་ལྡནམ་ཅིག་བཟོ་ཚུགས་པའི་ཁར་ ང་བཅས་རའི་ སྙིང་ཉེཝ་ཚུ་ ཉེན་སྲུང་དང་ལྡནམ་སྦེ་ སྒྲིང་སྒྲིང་བཞག་ཚུགས།
ནད་ཡམས་ཀྱི་གནས་སྟངས།
• སྤྱིས་ཚེ་ ༡༡/༨/༢༠༢༠ ལུ་ འགྲོ་འགྲུལ་བཀག་དམ་འབད་ཞིནམ་ལས་ ད་ཚུན་ ནད་ཡམས་འཐོབ་མི་ མི་གྲངས་ ༡༡༡ ངོས་འཛིན་འབད་དེ་ཡོདཔ་ཨིན། རྒྱལ་ཡོངས་འགྲོ་འགྲུལ་བཀག་དམ་འབད་དགོ་པའི་གནད་དོན་འབྱུང་གཞི་ དགེ་ལེགས་ཕུག་གི་ས་ཁོངས་མ་རྩིས་བར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀྱི་གནད་དོན་འདི་ ཡར་འཕར་སོང་ཡོདཔ་ལས་ ཕུན་ཚོགས་གླིང་ཁྲོམ་སྡེ་འདི་ ཉེན་ཁ་ཆེ་བའི་ས་གོ་ཅིག་སྦེ་ངོས་འཛིན་འབད་ཡོད་མ་ཚད་ དེ་གི་ཤུལ་ལས་ ནད་ཡམས་འཐོབ་མི་དང་འབྲེལ་བ་འཐབ་མི་ མི་ངོམ་འཚོལ་ཞིབ་འབད་བའི་སྐབས་ སྤ་རོ་དང་ ཧཱ་རྫོང་ཁག་ཡང་ ནད་ཡམས་ཀོ་ཝིཊ-༡༩ ཡོད་པའི་རྫོང་ཁག་སྦེ་ངོས་འཛིན་འབད་ཡོདཔ་ཨིན།
• གནས་སྟངས་ཚུ་དབྱེ་ཞིབ་འབད་བའི་ཤུལ་ལས་ ཁྱད་རིག་གྲོས་སྟོན་སྡེ་ཚན་གྱི་ཁ་ཐུག་ལས་ ནད་ཡམས་འཐོབ་མིའི་གྱངས་ཁ་འདི་ ཡར་འཕར་སོང་ཡོདཔ་ཨིན་རུང་ མི་སྡེའི་ནང་འཁོད་ཁྱབ་སྤེལ་གངམ་མ་འགྱོ་བར་ཡོདཔ་སྦེ་ གསལ་བཀོད་འབད་ཡོད་ཨིན། ནད་ཡམས་འཐོབ་ཡོད་མི་ཚུ་མང་ཤོས་རང་ ལོགས་སུ་ཕྱེ་ཡོད་པའི་མི་སྡེ་ས་ཁོངས་ཚུ་ནང་ལས་འཐོན་ཡོདཔ་ཨིན།
• གཞུང་གིས་ འགྲོ་འགྲུལ་བཀག་དམ་འདི་ གོ་ཡངས་སུ་བཟོ་སྟེ་ མི་སེར་ཚུ་ལུ་བྱ་སྟབས་བདེ་ཏོག་ཏོ་བཟོ་ནིའི་ཐབས་ལམ་བཏོན་དོ་ཡོད་མི་དང་བསྟུན་ ཁྱད་རིག་གྲོས་སྟོན་སྡེ་ཚན་གྱི་ཁ་ཐུག་ལས་ ཉེན་སྲུང་གི་ཐབས་ལམ་ཚུ་ གང་དྲག་བཏོན་དགོ་པའི་རྒྱབ་སྣོན་འབད་ཡོདཔ་ཨིན།
འགྲོ་འགྲུལ་བཀག་དམ་ཆ་མེད་བཟོ་ནིའི་ རིམ་པ་གསུམ་པོ།
• འགྲོ་འགྲུལ་བཀག་དམ་འདི་ བྱ་སྟབས་བདེ་ཏོག་ཏོ་བཟོ་ནི་དང་ ལམ་ལུགས་ཚུ་ ལེགས་བཅོས་འབད་ནིའི་དོན་ལུ་ འདས་པའི་བདུན་ཕྲག་ཚུ་ནང་ ལས་རིམ་ལེ་ཤ་གཅིག་གཞི་བཙུགས་ཡོདཔ་ཨིན། འདི་གི་གྱལ་ཁར་གཅིགཔོ་འདི་ ངོས་འཛིན་འབད་ཡོད་པའི་ ས་ཁོངས་ནང་འཁོད་དང་ རྒེད་འོག་ནང་འཁོད་འགྲོ་འགྲུལ་འབད་ཆོགཔ་བཟོ་ཡོད་མི་འདི་ཨིན།
• ཉམས་མྱོང་གསརཔ་འདི་ཚུ་ འཕྲལ་མགྱོགས་རང་ མི་དམངས་ལུ་བཀྲམ་སྤེལ་འབད་ནི་ཨིན་པའི་ འགྲོ་འགྲུལ་བཀག་དམ་གྱི་བྱ་སྒོའི་རིམ་པའི་གྱལ་ཁར་མཉམ་སྡེབ་འབད་ནི་ཨིན།
• འགྲོ་འགྲུལ་བཀག་དམ་འབད་དེ་ བདུན་ཕྲག་གསུམ་གྱི་ཤུལ་ལས་ ཆ་མེད་བཟོ་ནི་གི་རིམ་པ་གསུམ་སྦེ་ཡོདཔ་དང་ སྤྱི་ཟླ་ ༩ པའི་ཚེས་ ༡-༡༠ ཚུན་ ཉིན་གྲངས་ ༡༠ གི་རིང་གོ་རིམ་སྦེ་དབྱེ་ཡོདཔ་ཨིན།
• གོ་རིམ་དང་པའི་ (སྤྱི་ཟླ་ ༩ པའི་ཚེས་ ༡-༣) སྐབས་གཙོ་བོ་རང་ དགོས་མཁོ་ཅན་གྱི་ལས་སྣ་ཚུ་འབད་ཆོགཔ་བཟོ་ནི་དང་ ངོས་འཛིན་འབད་ཡོད་པའི་ ཚོང་ཁང་དང་ཟ་ཁང་ཚུ་སྒོ་ཕྱེ་ནི་ དེ་ལས་ ནང་མི་ཚུ་ངོས་འཛིན་འབད་ཡོད་པའི་ས་ཁོངས་ཚུ་ནང་ འགྱོ་ཆོགཔ་བཟོ་ནི་ཨིན། གོ་རིམ་གཉིས་པའི་ (སྤྱི་ཟླ་ ༩ པའི་ཚེས་ ༤-༦) སྐབས་ རྫོང་ཁག་ནང་
འཁོད་མི་མང་སྐྱེལ་འགྲེན་སྣུམ་འཁོར་ཚུ་ འགྲོ་འགྲུལ་འབད་བཅུག་སྟེ་ ཧེང་སྐལ་གོ་ཡངས་སུ་བཟོ་འོང་། གོ་རིམ་ཐ་མའི་ (སྤྱི་ཟླ་ ༩ པའི་ཚེས་ ༧) སྐབས་ སྒེར་གྱི་སྣུམ་འཁོར་ཚུ་འགྲོ་འགྲུལ་འབད་ཆོགཔ་བཟོ་ནི། སྤྱི་ཟླ་ ༩ པའི་ཚེས་ ༡༡ གི་དྲོ་པ་ཆུ་ཚོད་ ༥ ལས་ རྒྱལ་གཞུང་འབྲུག་གི་འགག་སྡེ་ལས་ གནང་བ་ལེན་ཐོག་ལས་ རྫོང་ཁག་ཚུའི་བར་ན་སྣུམ་འཁོར་ཚུ་འགྲོ་འགྲུལ་འབད་ཆོག་ནི་ཨིན།
• འགྲོ་འགྲུལ་བཀག་དམ་ལས་རིམ་ གོ་ཡངས་སུ་བཟོ་མི་འདི་གིས་ ང་བཅས་ར་ ཉེན་སྲུང་དང་ལྡནམ་སྦེ་བཞག་ནི་དང་གཅིག་ཁར་ ང་བཅས་རའི་མི་སྡེ་ནང་ དཔལ་འབྱོར་གྱི་ལས་སྣ་ཚུ་དང་ འཚོ་བའི་ལས་སྣ་ཚུ་འགོ་འདྲེན་འཐབ་ཏེ་ རྒྱུན་སྲོལ་གསརཔ་ཅིག་གཞི་བཙུགས་འབད་ནི་གི་ འོས་འབབ་བཟོ་དགོ།
• དེ་མ་ཚད་ ང་བཅས་ཀྱི་ཁ་ཐུག་ལས་ ས་མཚམས་བདའ་སྟེ་ ལྟ་རྟོག་ཚུ་ རིགཔ་འགྱིམ་སྟེ་ དམ་དམ་སྦེ་རང་འབད་ནི་ཨིན་པའི་ཁར་ ཚོང་འབྲེལ་འཐབ་པའི་སྐབས་ཡང་ ཉེན་སྲུང་དང་ལྡནམ་སྦེ་འཐབ་ནི་ཨིན། མི་སྡེའི་ཉེན་སྲུང་གི་ཐད་ལུ་ ཉེན་ཁ་ཆེ་བའི་ས་ཁོངས་ཚུ་ནང་ དམིགས་གསལ་གྱི་ ཉེན་སྲུང་ཐབས་ལམ་འཐེབ་གཞི་བཙུགས་འབད་འོང་།
• ནད་ཡམས་འདི་ ཉེན་ཁ་ཆེ་བའི་ས་ཁོངས་ཚུ་ནང་ལས་ ཉེན་ཁ་ཆུང་བའི་ས་ཁོངས་ཚུ་ནང་ སྤེལ་ནིའི་ཉེན་ཁ་བཀག་ཐབས་ཀྱི་དོན་ལུ་ ཉེན་སྲུང་ཐབས་ལམ་འཐེབ་གཞི་བཙུགས་འབད་འོང་།
འགྲོ་འགྲུལ་བཀག་དམ་ཆ་མེད་ཀྱི་ལས་སྣ། (ལས་སྣ་འདི་ཚུ་ ཕུན་ཚོགས་གླིང་དང་ དགེ་ལེགས་ཕུག་ བསམ་གྲུབ་ལྗོང་མཁར་དང་བསམ་རྩེ་ཚུ་ལུ་ མི་འགབ)
༡. འགྲོ་འགྲུལ།
• སྤྱི་ཟླ ༩ པའི་ཚེས་༡ དྲོ་པ་ཚུ་ཚོད་ ༥ ལས་འགོ་བཟུང་ མི་ངོམ་ཚུ་དང་ ཡང་ན་ ནང་མི་ཚུ་ ཁྱིམ་གྱི་ཕྱི་ཁར་འཐོན་ཆོག། ཨིན་རུང་ འགོ་ཐོག་ཉིན་གྲངས་གསུམ་གྱི་རིང་ རྐང་ཐང་དང་རྐང་འཁོར་མ་གཏོགས་ སྣུམ་འཁོར་བདའ་མི་ཆོག།
• རྒན་ཤོས་ཚུ་དང་ ཨ་ལོ་ཆུང་ཀུ་ཚུ་འཁྱིད་ནི་ཡོད་ན་མ་གཏོགས་ དེ་མིན་ བར་ན་ས་སྟོང་བཞག་དགོ།
• སྤྱི་ཟླ་ ༩ པའི་ཚེས་ ༤ གི་དྲོ་པ་ཆུ་ཚོད་ ༥ ལས་ མི་མང་སྐྱེལ་འདྲེན་ བཱསི་དང་ གླ་འཁོར་ཚུ་ འགྲུལ་པའི་ཤོང་ཚད་ལས་བརྒྱ་ཆ་ ༥༠ འབག་་སྟེ་ རྫོང་ཁག་ནང་འཁོད་འགྲོ་འགྲུལ་འབད་ཆོག།
• སྤྱི་ཟླ་ ༩ པའི་ཚེས་ ༧ གི་དྲོ་པ་ཆུ་ཚོད་ ༥ ལས་སྣུམ་འཁོར་ཆ་མཉམ་རང་ རྫོང་ཁག་ནང་འཁོད་འགྲོ་འགྲུལ་འབད་ཆོག། འདི་འབདཝ་ད་ ཨ་ལོ་ཆུང་ཀུ་དང་ རྒན་རྒས་ཡོད་ན་མ་གཏོགས་ འདི་མིན་ འགྲུལ་པའི་ཤོང་ཚད་ལས་བརྒྱ་ཆ་ ༥༠ ལས་བརྒལ་འབག་མི་ཆོག།
• ས་གནས་ཀྱི་དབང་འཛིན་དང་ ལས་བྱེད་ཚོགས་ཆུང་ཚུ་གིས་ ལམ་ལུགས་དང་འཁྲིལ་ ཐོགས་ལུས་ཡོད་པའི་མི་ངོམ་ཚུ་ སྐྱེལ་འདྲེན་འབད་ནི་ནང་ རྒྱབ་སྐྱོར་ཚུ་འཕྲོ་མཐུད་དེ་རང་འབད་འོང་།
• སྤྱི་ཟླ་ ༩ པའི་ཚེས་ ༡༡ དྲོ་པ་ཆུ་ཚོད་ ༥ ལས་ རྒྱལ་གཞུང་འབྲུག་གི་འགག་སྡེ་ལས་གནང་བ་ལེན་ཐོག་ རྫོང་ཁག་གཅིག་ལས་གཅིག་ལུ་འགྲོ་འགྲུལ་འབད་ཆོག།
• རྒྱལ་པོའི་སྐུ་སྲུང་དམག་སྡེ་དང་ བསྟན་སྲུང་དམག་སྡེ་ རྒྱལ་གཞུང་འབྲུག་གི་འགག་སྡེ་དང་ IMTRAT དེ་ལས་ DANTAK གི་གཙུག་སྡེ་ཚུ་གིས་ ཉིན་གྲངས་ ༡༠ གི་འགྲོ་འགྲུལ་བཀག་དམ་ཆ་མེད་ཀྱི་བྱ་རིམ་ཚུ་ རང་སོའི་གཙུག་སྡེའི་ས་ཁོངས་ནང་འགོ་འདྲེན་འཐབ་ནི།
༢. ལཱ་འབད་སའི་ས་ཁོངས།
• སྤྱི་ཟླ་ ༩ པའི་ཚེས་ ༧ ལས་ ཡིག་ཚང་ཚུ་ཆ་མཉམ་སྒོ་ཕྱེ་ཏེ་ དུས་རྒྱུན་གྱི་ལཱ་འགོ་བཙུགས་ནི།
• འདི་གི་རིང་ རང་སོའི་འཛིན་སྐྱོང་གི་ཁ་ཐུག་ལས་ ནད་ཡམས་ཀོ་ཝིཊ-༡༩ གི་བྱ་སྒོའི་ལམ་ལུགས་དང་འཁྲིལ་ཉིན་བསྟར་གྱི་ལཱ་འགོ་བཙུགས་དགོ། ལཱ་འབད་སའི་ས་ཁོངས་ནང་ བར་ན་ས་སྟོང་བཞག་ནི་ཚུ་གཙོ་བོ་བཏོན་དགོ་ནི་དང་ ལས་བྱེདཔ་ཚུ་ ཉིན་སྐོར་བཟོ་སྟེ་ ལཱ་ས་འོང་མ་བཅུག་པར་ རང་སོའི་ཁྱིམ་ནང་ལས་ ལཱ་འབད་ནིའི་ཐབས་ལམ་ཚུ་སྒྲོག་དགོ།
༣. ཚོང་སྡེ།
• དགོས་མཁོའི་བཟའ་ཆས་ཚོང་ཁང་འཐེབ་དང་ སྨན་ཚོང་ཁང་ཚུ་ཚོང་སྒྱུར་འཐབ་ཆོག། ཨིན་རུང་ ཚོང་པ་ཚུ་གི་ཁ་ཐུག་ལས་ ཀོ་ཝིཊ-༡༩ གི་ཉེན་སྲུང་ཐབས་ལམ་ཚུ་འཕྲོ་མཐུད་དེ་ དང་ལེན་འབད་དགོ། ཚོང་ཁང་ཚུ་དང་འབྲེལ་བའི་ཉེན་ཁ་ཡོདཔ་ལས་ གཞུང་གི་ཁ་ཐུག་ལས་ ཚོང་ཁང་ཚུ་ དགོས་མཁོ་ཡོད་པ་ཅིན་རྐྱངམ་ཅིག་སྒོ་ཕྱེ་དགོ་པའི་རྒྱབ་སྣོན་འབདཝ་ཨིན།
• ཟ་ཁང་དང་བཟའ་འཐུང་གི་ཞབས་ཏོག་ཚུ་ ཕྱི་ཁར་སྐྱེལ་འདྲེན་འབད་དེ་ཚོང་སྒྱུར་འཐབ་མིའི་རིགས་རྐྱངམ་ཅིག་འགོ་འདྲེན་འཐབ་ཆོག འདི་མིན་པའི་ ཟ་ཁང་ནང་སྡོད་དེ་ བཟའ་ནི་དང་འཐུང་ནི་གི་ ཞབས་ཏོག་ཚུ་ དུས་ནམ་ཡང་བྱིན་མི་ཆོག
• ཚོང་སྒྱུར་གྱི་རིགས་ཚུ་ག་ར་ ཕྱི་རུ་ཆུ་ཚོད་ ༩ ལས་སྒོ་བསྡམ་དགོ།
༤. རྩེད་རིགས་དང་ལུས་སྦྱོང་།
• ཕྱི་གཟུགས་གཅིག་གིས་གཅིག་ལུ་ རེག་འདོགས་ འབད་མ་དགོ་པའི་རྩེདམོ་ དཔེར་ན་ སྒྲོ་རྩེད་དང་ ཐང་རིལ་གྱི་རིགས་ཚུ་རྩེ་ཆོག དེ་འབདཝ་ད་ ཆུ་རྩལ་རྐྱབ་ནི་དང་ མདའ་རྩེད་ དེ་ལས་ ཨིསི་ནུ་ཀར་ལ་སོགས་པ་ གཅིག་གིས་
གཅིག་ལུ་ རེག་འདོགས་འབད་དགོ་པའི་རིགས་ཚུ་ འགྲོ་འགྲུལ་བཀག་དམ་ཆ་མེད་བཟོ་བཞིན་པའི་དུས་སྐབས་སུ་ རྩེ་མི་ཆོག།
• རྩེདམོ་གི་རིགས་ག་ཅི་རང་ཨིན་རུང་ འགྲན་བསྡུར་ཚུ་འགོ་འདྲེན་འཐབ་མི་ཆོག།
• འབྲུག་ཨོ་ལིམ་པཱིག་ཚོགས་པ་གི་ཁ་ཐུག་ལས་ འགྲོ་འགྲུལ་བཀག་དམ་ཆ་མེད་བཟོ་བཞིན་པའི་དུས་སྐབས་སུ་ རྩེད་ཆོག་པའི་རྩེདམོ་གྱི་རིགས་ཚུ་ཐོ་བཀོད་འབད་དེ་གཏན་འབེབས་འབད་འོང་།
༥. མི་དམངས་སྤུང་འཛོམས།
• ལོགས་སུ་གསལ་བསྒྲགས་མ་འབད་ཚུན་ སྐྱེ་སྟོན་དང་ གཉེན་སྟོན་ གོ་གནས་ཡར་སེང་དང་ གཞུང་འབྲེལ་ཚོགས་སྟོན་ དེ་ལས་ དུས་སྟོན་གི་རིགས་ཚུ་འགོ་འདྲེན་འཐབ་མི་ཆོག།
• ཕུངམོ་མེ་སྦྱང་དང་ གཤིན་པོའི་རིམ་གྲོ་ཚུ་ ས་གནས་ཀྱི་དབང་འཛིན་གྱི་གནང་བ་དང་འཁྲིལ་ ནང་མི་རྐྱངམ་གཅིག་འཛོམས་ཐོག་ལས་འགོ་འདྲེན་འཐབ་དགོ།
• འགྲོ་འགྲུལ་བཀག་དམ་ཆ་མེད་བཟོ་བཞིན་པའི་དུས་སྐབས་སུ་ མཛར་ཅུམ་ཟ་ནི་དང་ རི་བཤལ་འགྱོ་ནི་ གནས་སྐོར་ནི་ལ་སོགས་པ་ ཕྱིའི་ལས་སྣ་ཚུ་འབད་མི་ཆོག
༦. བཟོ་སྒྲུན།
• བཟོ་སྐྲུན་གྱི་ལཱ་འཕྲོ་ལུས་མི་ཚུ་ ལོག་འཕྲོ་མཐུད་དེ་འབད་ཆོག། ཨིན་རུང་ ལཱ་འདི་ཚུ་ ས་ཁོངས་གི་ནང་འཁོད་འབད་དགོཔ་དང་ ལས་མི་ཚུ་ ལཱ་འབད་སའི་ས་ཁོངས་ནང་རང་སྡོད་དགོ། དེ་མ་ཚད་ བཟའ་འཐུང་དང་ དགོས་མཁོའི་ཅ་ཆས་ཚུ་ས་ཁོངས་ནང་འབག་བྱིན་དགོ།
• བཟོ་སྐྲུན་གྱི་རྒྱུ་ཆས་ སྐྱེལ་འདྲེན་འབད་ནི་འདི་ ཉིན་གྲངས་གསུམ་པའི་ཤུལ་ལས་ སྣུམ་འཁོར་ཚུ་འགྲོ་འགྲུལ་འབད་ཆོགཔ་བཟོ་ཞིནམ་ལས་རྐྱངམ་ཅིག་འབད་ཆོག
༧. སློབ་གྲྭ་དང་ མཐོ་རིམ་སློབ་གྲྭ་དེ་ལས་སྤེལ་ཁང་ཚུ།
• སློབ་དང་ མཐོ་རིམ་སློབ་གྲྭ་ དེ་ལས་སྤེལ་ཁང་ཚུ་ག་ར་ གཞུང་གི་ནངས་པ་ལས་འགོ་བཟུང་ལེགས་ཤོམ་སྦེ་དབྱེ་ཞིབ་འབད་དེ་ གྲ་སྒྲིག་འབད་ནི་ཨིནམ་ལས་ འདི་གི་རིང་ ཆ་མཉམ་འཕྲོ་མཐུད་དེ་སྒོ་སྡམ་བཞག་དགོ།
• ཉིན་གྲངས་ ༡༠ གྱི་ཤུལ་ལས་ གསོ་བའི་མཁས་མཆོག་གིས་ གནས་སྟངས་ཚུ་དབྱེ་ཞིབ་འབད་ནི་ཨིན། གལ་སྲིད་གནས་སྟངས་ལེགས་ཤོམ་འགྱོ་བ་ཅིན་ སློབ་རིམ་ ༡༠ དང་ ༡༢ པ་སྒོ་ཕྱོད་བའི་སྐབས་ སློབ་རིམ་ ༩ པ་དང་ ༡༡ ཡང་སྒོ་ཕྱེ་འོང་།
ཕུན་ཚོགས་གླིང་དང་བསམ་རྩེ་ དགེ་ལེགས་ཕུག་དང་ བསམ་གྲུབ་ལྗོངས་མཁར་ཚུ་ནང་ ས་ཁོངས་བགོ་ནི།
• ཕུན་ཚོགས་གླིང་དང་བསམ་རྩེ་ དགེ་ལེགས་ཕུག་དང་ བསམ་གྲུབ་ལྗོངས་མཁར་གྱི་ཁྲོམ་སྡེ་ཚུ་ནང་ ངོས་འཛིན་འབད་ཡོད་པའི་ས་ཁོངས་ནང་ འགྲོ་འགྲུལ་འབད་ཆོག་པའི་ལམ་ལུགས་གཞི་བཙུགས་འབད་འོང། ཁྲོམ་ལ་ལུ་གཅིག་ནང་ འགྲོ་འགྲུལ་ཆོག་ཐམ་ཚུ་བགོ་བཀྲམ་འབད་ཡོདཔ་ལས་ ནངས་པ་ལས་ལག་ལེན་འཐབ་ནི་འགོ་བཙུགས་འོང། གཞན་ཁྲོམ་སྡེ་ཚུ་ནང་ འགྲོ་འགྲུལ་ཆོག་ཐམ་བགོ་བཀྲམ་འབད་ཚརཝ་ཅིག་ ལམ་ལུགས་འདི་ལག་ལེན་འཐབ་འོང་།
མཇུག་བསྡུ།
འགྲོ་འགྲུལ་བཀག་དམ་འདི་ གོ་ཡངས་སུ་བཟོ་བའི་སྐབས་ མི་དམངས་ཀྱི་ཁ་ཐུག་ལས་ དྲན་ཤེས་ཀྱི་སྒོ་ལས་ འགན་འཁུར་ཚུ་འབག་འོང་མནོ་བའི་རེ་བ་ཡོད། ནདཡམས་འདི་ ང་བཅས་རའི་རྒྱལ་ཁབ་ནང་ལྷོད་ཡོདཔ་ལས་ ང་བཅས་ཆ་ཁྱབ་ རིགཔ་འགྱིམ་དགོཔ་དང་ དྲན་པ་བཏོན་དགོཔ་ཨིན། ནད་གཞི་འདི་ མིག་གིས་མཐོང་ནི་མེདཔ་ལས་ ང་བཅས་ཀྱིས་བྱ་སྤྱོད་ཚུལ་མཐུན་ཐོག་ལས་ རང་དང་ རང་གི་སྙིང་ཉེཝ་ཚུ་ ཉེན་སྲུང་འབད་དགོ།
ང་བཅས་གཞུང་གི་ཁ་ཐུག་ལས་ ན་ལས་ཕར་ ནས་ཡམས་བཀག་ཐབས་ཀྱི་དོན་ལུ་ འགྲོ་འགྲུལ་བཀག་དམ་གྱི་བྱ་རིམ་ཚུ་ མི་སེར་ཚུ་ལུ་ ཤུམ་ཚུད་བཅུག་ནི་དང་ སྔོན་དཔག་འབད་ཚུགསཔ་བཟོ་སྟེ་ གྲ་སྒྲིག་འབད་ནི་ལུ་ཕན་ཐོགས་ནིའི་དོན་ལུ་ འཕྲལ་མགྱོགས་རང་ འགྲོ་འགྲུལ་བཀག་དམ་གྱི་མདུན་ལམ་ཅིག་གསར་བཏོན་འབད་འོང་།
དེ་དང་འབྲེལ་ གཞུང་གི་ཁ་ཐུག་ལས་ མི་དམངས་ལུ་ དུས་ཨ་རྟག་ར་ ནད་ཡམས་ཀོ་ཝིཊ-༡༩ གི་ཉེན་སྲུང་ཐབས་ལམ་ཚུ་ལུ་གནས་གནང་ཟེར་གསོལ་འདེབས་ཞུ་ནི་ཨིན། ཁ་རས་འདི་ངེས་པར་དུ་ལག་ལེན་འཐབ་དགོ། བར་ན་ས་སྟོང་བཞག་ནི་དང་ གཞན་གསོ་བའི་ སླབ་བྱ་ཚུ་ཚུལ་བཞིན་དང་ལེན་འབད་དགོ་པའི་ཞུ་བ་འབདཝ་ཨིན།
མཆན: གནས་ཚུལ་གསར་བཏོན་འདི་གི་ཐོག་ལས་ འབྲེལ་ཡོད་དབང་འཛིན་ཚུ་གིས་ དེ་བཞིན་དང་ལེན་འབད་དགོ་པའི་གསལ་བསྒྲགས་འབདཝ་ཨིན།