བུ་རིག་པ་ཅན། ཧེ་མ་ གཡུས་ཅིག་ནང་ ཨཔ་ཅིག་དང་ཨམ་ཅིག་ཡོདཔ་མས། ཁོང་གཉིས་ལུ་སམ་ས་ཞིང་དང་ རྒྱུ་ཅ་ལ་ ལེ་ཤ་ཡོད་རུང་ ཨ་ལུ་ཕུད་ རྡོག་ཅིག་ཡང་མེད་པར་ གནམ་མེད་ས་མེད་སེམས་མེད་སྐྱོ་སྟེ་སྡོད་ནུག། ཨ་རྟག་ར་ ཁོང་ར་གཉིས་ གཅིག་གིས་གཅིག་ལུ་བལྟ་སྟེ་ ང་བཅས་ར་གཉིས་ རྒན་རྒས་འ་ནེམ་ཅིག་ཁར་ལྷོད་རུང་ བུ་དང་བུམོ་གཅིག་ཡང་མེད། ཤུལ་ལས་ བྱཝ་མ་འོངམ་ད་ ག་གིས་བལྟ་ནི་ཟེར་ གཅིག་གིས་གཅིག་ལུ་སླབ་ཅི་ར་ སེམས་སྐྱོ་སྟེ་སྡོད་ནུག། ཉིནམ་ཅིག་ཨམ་དེ་ ཆུ་ལེན་པར་འགྱོཝ་ད་ ཨམ་འདི་འགྱོ་སའི་ལམ་ཁར་ ཨ་ལུ་ཆུང་ཀུ་ཅིག་ སྔུ་སྟེ་སྡོད་སར་མཐོང་ནུག། ཨ་ལུ་འདི་ འཐུ་འབག་སྟེ་ ཁྱིམ་ནང་འོངས་ཞིནམ་ལས་ ཨ་པ་ལུ་སྟོནམ་ད་ ཨཔ་དེ་གིས་ དབའི་ཨ་ལུ་འདི་ལུ་ ཕམ་དང་སྤུན་ཆ་ ག་ཡང་མེདཔ་མས། ཨ་ལུ་འདི་ ང་བཅས་ར་གཉིས་ཀྱིས་གསོ་བཞག་གེ་སྨོ་ཟེར་སླབ་སྟེ་ ཨ་ལུ་འདི་ ཉིནམ་རིང་ཆད་མེད་པར་ཆུ་འཁྱུ་ཡི་ར་ ནོར་གྱི་ཨོམ་བྱིན་ཡི་ར་གསོ་བཞག་ནུག། བུཚ་འདི་ ལོ་བརྒྱད་ལངམ་ད་ ནོར་འཚོ་ཚུགསཔ་ཅིག་ཐལ་ཏེ་ཉིནམ་ཨ་རྟག་ར་ ནོར་འཚོ་བར་འགྱོ་དོ་ཡོདཔ་ཨིན་མས། ཚར་ཅིག་འབདཝ་ད་ ལུང་པའི་རྒྱལཔོ་འདི་གིས་ ཨཔ་འདི་ལུ་ ས་གཞི་ལེ་ཤ་ཡོད་མི་འདི་ འཕྱོག་ནི་གི་ཐུགས་བཞེད་གནང་སྟེ་ ཨཔ་གླང་རྨོ་སར་བྱོན་ཞིནམ་ལས་དབའི་ཨ་པ་ ཁྱོད་ཀྱིས་གླང་རྨོཝ་ད་ ཉིནམ་གཅིག་ལུ་གོམ་ཐེངས་ག་དེམ་ཅིག་སྤོཝ་སྨོ་ཟེར་གསུངས་ནུག ཨཔ་འདི་གིས་ ང་གིས་གོམ་ཐེངས་གྱངས་ཁ་མ་རྐྱབ་ལགས། ནངས་པ་ང་གིས་གྱངས་ཁ་རྐྱབ་ཞིནམ་ལས་ རྒྱལཔོ་ལུ་ཞུ་གེ་ལགས་ཟེར་ཞུཝ་ད་ རྒྱལཔོ་གིས་ བཏུབ་པས། ནངས་པ་ཀྲིག་ཀྲི་སྦེ་སླབ་ནི་མེད་པ་ཅིན་ ཁྲིམས་ཕོག་སྨ་རེ་ཟེར་གསུངས་སྦེ་ལོག་བྱོན་སོ་ནུག། དེ་ལས་ རྒྱལཔོ་སྐུ་རྒྱབ་ཐལཝ་ཅིག་ ཨཔ་འདི་གིས་ ཚལ་མ་ནང་སོང་སྦེ་ འཁརཝ་ལེ་ཤ་བཅད་དེ་འབག་འོངས་ཞིནམ་ལས་ གླང་རྨོཝ་ད་གི་གོམ་ཐེངས་རེ་ལུ་ འཁརཝ་རེ་བཙུགས་བཞག་ནུག ཕྱི་རུ་ཁམས་ཅིག་ཁར་ བུཚ་ནོར་བདའ་སྟེ་འོངམ་ད་ ཨ་རིང་ནང་ལུ་ འཁརཝ་ལེ་ཤ་མཐོང་སྟེ་ ཁྱིམ་ནང་སོང་ཞིནམ་ལས་ ཨ་པ་ལུ་ ག་ཅི་སྦེ་ ཨ་རིང་ནང་ལུ་ འཁརཝ་ལེ་ཤ་བཙུགས་བཙུགསཔ་སྨོ་ཟེར་འདྲིཝ་ད་ ཨཔ་དེ་གིས་ ཁྱོད་འཁརཝ་ཟེར་སླབ། ད་རིས་བ་འདྲོགཔ་ཅིག་ ནམ་ཡང་མ་འོངས། ང་གླང་རྨོ་སར་ རྒྱལཔོ་བྱོན་ཏེ་ གླང་རྨོཝ་ད་ གོམ་ཐེངས་ག་དེམ་ཅིག་སྤོཝ་ཨིན་ན་ ནངས་པ་ཀྲིག་ཀྲི་སྦེ་སླབ་ཚུགས་དགོ། སླབ་མ་ཚུགས་པ་ཅིན་ ཁྲིམས་བཀལ་ནི་ཨིན་ཟེར་གསུངསམ་ལས་ གོམ་ཐེངས་རེ་ལུ་འཁརཝ་རེ་བཙུགས་ཅི་ཟེར་སླབ་ད་ བུཚ་དེ་གིས་ རྒྱལ་པོ་གི་བཀའ་དེ་བཟུམ་ལུ་ ཉན་དགོཔ་མེད་ཟེར་སླབ་སྟེ་ འཁརཝ་ཚུ་ག་ར་འབལ་བཏང་ད་ནུག། དེ་གི་ནངས་པ་ བུཚ་འདི་ ནོར་འཚོ་བར་རྒྱབ་ཐལཝ་ཅིག་ དོ་རུང་རྒྱལ་པོ་འདི་ ཀྲིག་ཀྲི་སྦེ་ཕེབས་ཏེ་ ཨཔ་འདི་ལུ་ ཁ་ཙ་ གོམ་ཐེངས་ག་དེམ་ཅིག་ སྤོ་ཡི་གོ་ཟེར་དྲི་བ་གནང་ནུག། ཨཔ་འདི་གིས་ ང་གིས་གོམ་ཐེངས་རེ་ལུ་ འཁརཝ་རེ་བཙུགས་བཞག་རུང་ བུཚ་དེ་གིས་ ག་ར་འབལ་བཀོ་ད་ནུག་ཟེར་ཞུ་ནུག། དེ་ལས་ རྒྱལཔོ་གིས་ གཞན་ཁྱོད་ལུ་ཁྲིམས་ཕོག་པས། དེ་འབད་རུང་ ད་རེས་འགོ་དང་པ་སྦེ་བཞག་ཟེར་གསུངས་ཏེ་ རྟ་ཕོ་ཆེན་ཅིག་ ཨཔ་འདི་ལུ་སྤྲོད་ཞིནམ་ལས་ ནངས་པ་གནངས་ཚེ་ ང་ལོག་འོངམ་ད་ ཕྱུ་གུ་ཅིག་ ཀྲིག་ཀྲི་སྦེ་ འཚར་ཚུགསཔ་འབད་སྨ་རེ་ཟེར་བཀའ་གནང་སྟེ་ ལོག་བྱོན་སོ་ནུག། དེ་ལས་ རྒྱལཔོ་སྐུ་རྒྱབ་ཐལཝ་ཅིག་ ཁྱིམ་ནང་གི་སྦང་ཆང་ཡོད་ཚད་ཅིགཔོ་ ག་ར་རྟ་ལུ་བྱིན། ཚལ་མ་ནང་ལས་རྩྭ་བརྔ་སྟེ་འབག་འོངས་ཞིནམ་ལས་ རྟ་ལུ་བྱིན་སྡོད་པའི་བར་ན་ བུཚ་འདི་ནོར་བདའ་སྟེ་ལྷོད་ནུག བུཚ་གིས་ ཁྱིམ་གྱི་སྒོ་ཁར་ རྟ་ཅིག་མཐོངམ་ད་ ཨ་པ་གིས་རྟ་ཅིག་ཡང་ཉོ་ཉོཝ་འདྲས་མནོ་སྟེ་ དབའི་ རྟ་འདི་ ཨ་པ་གིས་ཉོ་ཉོཝ་ཨིན་ན་ཟེར་འདྲིཝ་ད་ ཨ་པ་གིས་ རྟ་ཉོ་ནི་ར་མས། ད་རིས་ཡང་ རྒྱལཔོ་བྱོན་ཏེ་ ང་ལུ་ཁྲིམས་བཀལ་ནི་ར་འབད་ཡི། དེ་འབདཝ་ད་ རྒྱལཔོ་གིས་ རྟ་ཕོ་ཆེན་འདི་ ནངས་པ་གནངས་ཚེ་ར་ ཕྱུ་གུ་འཚར་ཚུགསཔ་འབད་ཟེར་གསུངམ་ད་ བཏུབ་ཟེར་ཞུ་ནི་དེ་གིས་ ཁྲིམས་མ་བཀལ་བར་ ལོག་བྱོན་སོ་ཡི་ཟེར་སླབ་ནུག བུ་དེ་གིས་ དོ་རུང་ ཁ་ཙ་བཟུམ་སྦེ་ རྒྱལ་པོའི་བཀའ་འདི་བཟུམ་ལུ་ ཉན་མི་དགོ་ཟེར་སླབ་སྟེ་རྟ་དེ་ཚལ་མ་ནང་བདའ་བཏང་ད་ནུག། དེ་ལས་ བུཚ་དེ་གིས་ ནངས་པ་ལས་འབདན་ཁྱིམ་ནང་ང་གིས་སྡོད་གེ་ ཨ་པ་ཁྱོད་ར་ ནོར་འཚོ་བར་སོང་སྨ་རེ་ཟེར་སླབ་སྟེ་ ཨཔ་འདི་ ནོར་འཚོ་བར་བཏང་ད་ནུག། ཨཔ་ནོར་འཚོ་བར་རྒྱབ་ཐལཝ་ཅིག་ རྒྱལཔོ་བྱོན་སྦེ་ ཁྱིམ་མའི་སྒོ་ཁ་ལས་ དབའི་ཨ་པ་ ཕྱི་ཁར་ཐོན་ཞིག་ཟེར་གསུངམ་ད་ བུཚ་འདི་ཕྱི་ཁར་ཐོན་སྦེ་ ཨཔ་ག་ཅི་འབད་ནི་སྨོ་ཟེར་སླབ་ནུག། དེ་ལས་ རྒྱལཔོ་འདི་གིས་ དེ་ཚེ་ ཁྱོད་ཀྱི་ཨ་པ་ལུ་ གླང་རྨོཝ་ད་ གོམ་ཐེངས་ག་དེ་ཅིག་སྤོ་དགོཔ་ཨིན་ན་ གྱངས་ཁ་བཞག་ཟེར་སླབ་སླབ་ཨིན། དེ་གི་ལན་སླབ་ནི་མིན་འདུག་ ཟེར་གསུངམ་ད་ བུཚ་འདི་གིས་ དང་པ་ར་ རྒྱལཔོ་ཁྱོད་ར་ ཕོ་བྲང་ནང་ལས་ ནཱ་ལྷོད་ལྷོད་ལུ་ གོམ་ཐེངས་ག་དེ་ཅིག་སྤོ་ཡི་ག་ འདི་གསུང་གནང་ཟེར་ཞུཝ་ད་ རྒྱལཔོ་ག་ནི་ཡང་གསུང་ནི་མ་ཐོབ་པས། དོ་རུང་ རྒྱལཔོ་གིས་ ཁྱོད་ཀྱི་ཨ་པ་ལུ་སྤྲོད་མི་རྟ་ཕོ་ཆེན་འདི་ ཕྱུ་གུ་འཚར་ཡི་ག་ཟེར་འདྲིཝ་ད་ མ་ཤེས། ཨཔ་ད་རིས་ནཱ་མེད། སྨན་ཁང་ནང་ལུ་ཨིན་ཟེར་ཞུ་ནུག རྒྱལཔོ་གིས་ ག་ཅི་སྦེ་ཟེར་གསུངམ་ད་ ཨ་པ་ཨ་ལུ་སྐྱེ་ནི་འབད་ཆི་སྟེ་ སྨན་ཁང་ནང་ཡར་སོ་ཡི་ཟེར་ཞུཝ་ད་ རྒྱལཔོ་གིས་ ཨ་པ་གིས་ ཨ་ལུ་སྐྱེཝ་ཨིན་ཟེར་ག་ཏེ་ཡོདཔ་སྨོ། ཁྱོད་ང་ལུ་མེས་མེད་མ་བཅོས་ཟེར་གསུངམ་ད་ བུཚ་གིས་ དེ་འབདན་ རྟ་ཕོ་ཆེན་གིས་ཡང་ ཕྱུ་གུ་འཚརཝ་ཨིན་ཟེར་ ག་ཏེ་ཡོདཔ་སྨོ་ལགས་ཟེར་ཞུ་ནུག། རྒྱལཔོ་འདི་དོ་རུང་ ག་ནི་ཡང་གསུང་མ་ཚུགས་པར་ ཐུགས་བཞེད་ཅིག་གནངམ་ད་ལུ་ བུཚ་དེ་ རིག་པ་ཅན་ཅིག་ཨིན་མས། ཁོ་ངེའི་བློན་པོ་སྦེ་བཞག་པ་ཅིན་ ཕན་ཐོགས་ནི་མས་ཟེར་མནོ་སྟེ་ བུཚ་འདི་ཁྱིད་བྱོན་སྦེ་ རྒྱལ་པོའི་བློན་པོ་སྦེ་བཀལ་ཏེ་ ཨཔ་དང་ཨམ་འདི་ཡང་ བློན་པོའི་ཡབ་དང་ཡུམ་འབད་དེ་ ག་ཅི་དེ་ དགའ་ཏོག་ཏོ་སྦེ་སྡོད་ནི་ཐོབ་ནུག་གོ། །། མི་སྐལ་བ་ཅན། ཧེ་མ་གཡུས་ཅིག་ནང་ མི་སྤྱང་ཀ་ཅིག་ཡོདཔ་མས། ཁོ་གི་ཁྱིམ་གྱི་ལྟག་ལུ་ར་ གླི་ཤིང་ཅིག་ཡོདཔ་མས། ནམ་ཅིག་འབདཝ་ད་ གླི་ཤིང་དེ་ རྡོག་མ་གནམ་མེད་ས་མེད་བཏགས་ཆི་ནུག། གླི་ལ་ལུ་ཅིག་ཁོ་ར་ཟ། ལ་ལུ་ཅིག་བཙོངས་ད་རུང་ དོ་རུང་ ཤིང་གུར་གླི་ལེ་ཤ་ར་ལུས་ཏེ་ཡོདཔ་མས། ནམ་ཅིག་འབདཝ་ད་ སྤྱ་ཚུ་འོངས་སྦེ་ གླི་ག་དེམ་ཅིག་ཟ་རུང་ ཁོ་ར་ལྟདམོ་བལྟ་སྦེ་སྡོད་དེ་ ཟ་བཅུག་བཅུགཔ་མས། དེ་ལས་ སྤྱ་འདི་ཚུ་གིས་ དབའི་ ང་བཅས་ཀྱིས་ ཁོའི་གླི་ཟ་རུང་ ག་ནི་ཡང་མི་སླབ་པས། ང་བཅས་ར་ གླི་མ་རྫོགས་ཚུན་ཚོད་ཟ་གེ་སྨོ་ཟེར་སླབ་སྟེ་ གླི་ག་ར་ཟ་བཏང་ད་ནུག། ཉིནམ་ཅིག་ སྤྱང་ཀ་དེ་ ཤུགས་སྦེ་ན་སྟེ་ གླི་ཤིང་གི་རྩ་བ་ར་ གྱེལ་སོ་ནུག དེ་བསྒང་ སྤྱ་འདི་ཚུ་འོངས་ཏེ་ གཅིག་གིས་གཅིག་ལུ་སླབ་སླབ་མས། ང་བཅས་ཀྱིས་ ཁོ་གི་གླི་ག་ར་ཟ་ད་ཡི། ཁོ་ན་སྟེ་གྱེལ་སྡོདཔ་ད་ ང་བཅས་ལྟདམོ་བལྟ་སྟེ་སྡོད་པར་མི་བཏུབ། ང་བཅས་ག་ར་རུབ་སྟེ་ ས་དགའ་ཏོག་ཏོ་ཅིག་ཁར་བཀལ་བཞག་གེ་ཟེར་སླབ་ད་ སྤྱ་ག་ར་གིས་བཏུབ་ཟེར་སླབ་སྟེ་ མི་འདི་འབག་ཡར་སོ་ནུག། དེ་ལས་ ཚལ་མ་སྦོམ་ཅིག་གི་སྦུག་ལུ་ལྷོདཔ་ད་ སྤྱ་གཅིག་གིས་ དངུལ་གྱི་བྱག་ཕུག་ནང་ བསྐྱལ་བཞག་གེ་ཟེར་སླབ་ནུག། ཕར་དེ་ཅིག་ཁར་ལྷོདཔ་ད་ གཅིག་གིས་ གསེར་གྱི་བྱག་ཕུག་ནང་འབག་གེ་ཟེར་སླབ་སྟེ་ གསེར་གྱི་བྱག་ཕུག་ནང་བསྐྱལ་བཞག་སྦེ་ སྤྱ་ཚུ་ལོག་ཡར་སོ་ནུག། ཨ་ཙི་ཅིག་ཁ་ལས་ སྤྱང་ཀ་འདི་ ཡར་ལོངས་ཏེ་ལྟཝ་ད་ གསེར་གྱི་པག་ཅུ་ཐང་མེདཔ་ཅིག་གི་སྦུག་ལུ་ལྷོད་ནུག་ཟེར་ཨིན་མས། དེ་བསྒང་ ཁོ་ར་ གཟུགས་ནཝ་ཡང་སངས་ཏེ་ གསེར་ག་དེམ་ཅིག་འབག་ཚུགས་ཚུགས་འབག་སྟེ་ ལོག་ཁྱིམ་ནང་ཡར་སོ་ནུག། ཁྱིམ་ནང་ལྷོད་དེ་ གསེར་ཚུ་བཙོངམ་ད་ རྒྱུ་ནོར་ལོངས་སྤྱོད་གནམ་མེད་ས་མེད་ཐོབ་སྟེ་ སྤྱང་ཀ་འདི་ཕྱུགཔོ་ཡར་སོ་ནུག། ཉིནམ་ཅིག་འབདཝ་ད་ ཁྱིམ་ཚང་མི་ཅིག་འོངས་སྦེ་ ཁྱོད་ཀྱིས་ རྒྱུ་ནོར་ལོངས་སྤྱོད་དེ་ཚུ་ ག་དེ་སྦེ་ཐོབ་ཅི་ཟེར་འདྲིཝ་ད་ སྤྱང་ཀ་དེ་གིས་ གསེར་བཙོངས་ཏེ་ཐོབ་ཐོབ་ཨིན་ཟེར་སླབ་ནུག། གསེར་ག་ཏེ་ལས་ཐོབ་ཅི་ཟེར་འདྲིཝ་ད་ ཁོ་གིས་ ཧེ་མ་གི་ལོ་རྒྱུས་ཚུ་ ག་ར་ཕྲང་སྟེ་སླབ་ནུག། དེ་ལས་ མི་འདི་གིས་ཡང་ སྤྱང་ཀ་བཟུམ་ འབད་དགོ་པས་ཟེར་མནོ་སྟེ་ སྤྱ་ཚུ་ ཁོ་གི་ལྡུམ་ར་ནང་འོངས་ཏེ་ ཚོད་བསྲེ་ཚུ་ཟཝ་ད་ མ་བདའ་བར་བཞག་ནུག། དེའི་ཤུལ་ལས་ ཉིནམ་ཅིག་ཁོ་ཡང་ཚོད་བསྲེ་ལྡུམ་ར་ནང་འཛུལ་སྦེ་ ཤི་ཤིཝ་བཟུམ་བཟོ་སྡོད་སྡོདཔ་མས། ཡུདཔ་ཅིག་ཁ་ལས་ སྤྱ་ཚུ་འོངས་ཏེ་ ཁོ་ཡང་ འཐུ་འབག་ཡར་སོ་ནུག། ནགས་ཚལ་སྦོམ་ཅིག་ནང་ལྷོདཔ་ད་ སྤྱ་གཅིག་གིས་ ཁོ་དངུལ་གྱི་བྱག་ཕུག་ནང་བསྐྱལ་བཞག་གེ་ཟེར་སླབ་ད་ མི་དེ་གིས་ ང་གསེར་གྱི་བྱག་ཕུག་ནང་ བསྐྱལ་གནང་ཟེར་ ཁ་ལས་ཐོན་ཡར་སོཔ་མས། དེ་ལས་ སྤྱ་ཚུ་གིས་ ཁོ་ན་ར་མ་ན་བས་ ཤོབ་རྐྱབ་མས་ཟེར་སླབ་སྟེ་ ནགས་ཚལ་དེ་ནང་ར་ བཀོ་བཞག་ད་ནུག། དེ་ལས་ མི་དེ་ ནགས་ཚལ་ནང་ལས་ ལམ་འཚོལ་མ་ཐོབ་པར་འུ་སྡུག ཐང་ཆད་དེ་ ཚལ་མ་དེ་ནང་ར་ཤི་སོ་ནུག། དེ་ལས་ཚུར་ སྐལ་བ་ཅན་གྱིས་མ་གཏོགས་ རེ་བ་ཅན་གྱིས་མི་འཐོབ་ཟེར་བའི་དཔྱེ་གཏམ་འདི་ཐོན་ནུག་གོ། མི་ལས་ལྷག་པའི་བྱི་ལི། དང་ཕུ་ གཡུས་ཚན་ཅིག་ནང་ལུ་ མི་སྤྱང་ཀ་ཅིག་ལུ་ བུམོ་སྤུན་གསུམ་ཡོདཔ་མས། ཨ་ཞེམོ་སྦོམ་ཤོས་དེ་གི་མིང་ ཉིམ་སྒྲོལམ་ བར་ན་གི་མིང་ ཟླཝ་སྒྲོལམ་ ཆུང་ཤོས་དེ་གི་མིང་ སྐརམ་སྒྲོལམ་ཟེར་སླབ་དོ་ཡོདཔ་མས། བུམོ་སྤུན་གསུམ་ གཉེན་མ་རྐྱབ་པ་ར་ ཨ་ཞེམོ་གཉིས་ཀྱིས་བུ་རེ་རེ་དང་ ནུམོ་གིས་བྱི་ལི་ཅིག་སྐྱེས་ནུག། ནུམོ་དེ་ ཨ་ལུ་བྱི་ལི་སྐྱེཝ་ཨིན་ཟེར་ ཨ་ཞེམོ་གཉིས་དང་གཅིག་ཁར་སྡོད་མ་སྟེར་བར་ ཁྱིམ་སོ་སོ་སྦེ་ སྡོད་དགོཔ་ཐོན་སོ་ནུག། དེ་ལས་ ཨ་ཞེམོ་གཉིས་ཀྱི་བུ་གཉིས་ ཕོཝ་རྒྱགས་ཞིནམ་ལས་ ཁོང་གཉིས་ ཤ་བདའ་བར་འགྱོ་ནི་གི་བསྟུན་གྲོས་རྐྱབ་ད་ བྱི་ལི་གིས་ཉན་ཏེ་སྡོད་སྡོདཔ་མས། ཕོ་རྒནམ་གཉིས་ཤ་བདའ་བར་འགྱོཝ་ད་ བྱི་ལི་ཡང་རྟིང་བདའ་སྟེ་སོང་ནུག། ལ་སྦོམ་ཅིག་གུར་ལྷོདཔ་ད་ ཕོ་རྒནམ་གཉིས་ ལ་བརྒལ་ཏེ་ཤ་འཚོལ་བར་འགྱོཝ་ད་ བྱི་ལི་དེ་ ཤིང་སྦོམ་ཅིག་གུར་འཛེགས་ཏེ་བལྟ་སྡོད་སྡོདཔ་མས། ཡུདཔ་ཅིག་ཁ་ལས་ ཤཝ་སྦོམ་ཅིག་སྟག་གིས་བདའ་འོངས་ཏེ་ ཤིང་འདི་གི་རྩ་བར་ལྷོདཔ་ད་ བསད་དེ་ཟ་ནི་འབདཝ་ད་ བྱི་ལི་གིས་ སྐད་ཤུགས་སྦེ་རྐྱབ་ད་ སྟག་འདི་འདྲོགས་ཏེ་ བྱོག་ཡར་སོ་ནུག། དེ་ལས་ བྱི་ལི་ཤིང་ཁ་ལས་ ས་ཁར་བབས་ཏེ་ ཤཝ་གི་རྣམ་ཅོ་གཅིག་འབག་སྦེ་ ཁྱིམ་ནང་ལོག་སོ་ནུག། ཨམ་དེ་གིས་ ཤ་ཀྭ་ལས་ཟེརཝ་ད་ བྱི་ལི་གིས་ ཤ་བའི་རྣམ་ཅོ་སྟོན་ཏེ་ ཤ་ལེན་མིའི་ལཱཔ་ མི་དགུ་དེ་ཅིག་འཚོལ་ཟེར་སླབ་ནུག། དེ་ལས་ བྱི་ལི་དང་ མི་དགུ་ཤ་ལེན་པར་སོང་སྟེ་ ཤ་ཁུར་ཆ་དགུ་འབག་འོངས་ནུག དེ་འབདཝ་ད་ ཕོ་རྒནམ་གཉིས་ཀྱིས་ ཤ་ག་ནི་ཡང་མ་ཐོབ་པར་ ཁྱིམ་ན་ལོག་འོངས་ནུག། དེ་གི་ནངས་པ་ དོ་རུང་ ཕོ་རྒནམ་གཉིས་ ཉ་གཟུང་པར་འགྱོ་ནི་ཟེར་སླབ་ས་ལུ་ཡང་ བྱི་ལི་གིས་ཉན་སྡོད་ནུག། དེ་ལས་ ཁོང་གཉིས་ ཉ་གཟུང་པར་འགྱོཝ་ད་ལུ་ བྱི་ལི་ཡང་ལོག་སོ་ནུག། ཕོ་རྒནམ་གཉིས་ཆུའི་མཐའམ་བདའ་སྟེ་ ཡར་བཤལ་མར་བཤལ་བལྟ་རུང་ ཉ་མ་མཐོང་པས། བྱི་ལི་གིས་ ཆུའི་མཐའ་མ་གི་རྡོ་ཅིག་གུར་འཛེགས་ཏེ་ལྟཝ་ད་ རྡོ་གི་འོག་ལུ་ ཉ་ལེ་ཤ་མཐོང་སྟེ་ བྱི་ལི་གིས་ རྡོ་ཕུ་གི་ལྟག་ལས་ ཆུ་ཟུར་ཁར་བསྐྱོར་བཏང་སྦེ་ རྡོ་ཕུའི་འོག་ལས་ ཉ་ཀྲུ་ཅིག་འབག་སྦེ་ ཁྱིམ་ན་ཡར་སོ་ནུག། བྱི་ལི་གིས་ ཉ་དོ་འབག་མིའི་ མི་གསུམ་དེ་ཅིག་དགོ་ནི་ཟེར་སླབ་ད་ ཨའི་གིས་ ལཱཔ་མི་གསུམ་འཚོལ་ཏེ་ བྱི་ལི་དང་གཅིག་ཁར་བཏང་སྟེ་ ཉ་དོ་གསུམ་འབག་འོངས་ནུག། དེ་ལས་ ཕོ་རྒནམ་གཉིས་ཀྱི་ཨའི་གིས་ ཁྱེད་གཉིས་ མི་འབད་རུང་ ཉིནམ་གཅིག་ཡང་ ག་ནི་ཡང་འབག་འོང་ནི་མིན་འདུག རོགས་བྱི་ལི་འདི་ སེམས་ཅན་འབད་རུང་ ག་ཏེ་འགྱོ་སར་ དོན་དག་ཆོད་པས་ཟེར་ ཚོགས་བརྡ་བཏང་བཏངམ་མས། དེ་ལས་ ཕོ་རྒནམ་གཉིས་ཀྱིས་ ད་ བྱི་ལི་གིས་འབད་མ་ཚུགས་པའི་ལཱ་ཅིག་འབད་དགོ་པས་ཟེར་ ཉིནམ་ཅིག་ ཕོ་རྒནམ་གཉིས་ ཨམ་སྲུ་འཚོལ་བར་འགྱོ་ནིའི་བསྟུན་གྲོས་རྐྱབ་ནུག། དེ་ལས་ ཕོ་རྒནམ་གཉིས་ ཨམ་སྲུ་འཚོལ་བར་འགྱོཝ་ད་ བྱི་ལི་ཡང་ རྟིང་བདའ་སྟེ་འགྱོ་ནུག། ཕོ་རྒནམ་གཉིས་ བུམོ་སྤུན་གསུམ་ཡོད་སའི་ཁྱིམ་ཅིག་ནང་ འགྱོ་ནི་འབདཝ་ད་ གདོང་ཁར་ཐོན་ཏེ་ འགྱོ་མ་ནུམ་པར་ གཡིབས་ཅི་གཡིབས་ཅི་སྡོད་སྡོདཔ་མས། བྱི་ལི་གིས་ ཁྱིམ་གྱི་སྒོ་སྒྲིག་རྩ་བ་ལས་ སྨེའུ་སྨེའུ་ཟེར་སྐད་རྐྱབ་ད་ བུམོ་ཆུང་ཤོས་དེ་གིས་མཐོང་སྟེ་ སྨེའུ་ སེར་ཅུང་ཤོག་ ཤོག་ཟེར་སླབ་སྟེ་ ཁྱིམ་ནང་བོ། ལྟོ་ནང་ཨོམ་བླུགས་ཏེ་བྱིན་ནུག། དེ་ལས་ བྱི་ལི་གིས་ ཨམ་དེ་ལུ་བལྟ་སྟེ་ ང་མནའམ་ལྷང་པར་འོངས་འོངསམ་ཨིན། ཁྱོད་ཀྱི་བུམོ་སྤུན་གསུམ་ལས་ ག་འབད་རུང་གཅིག་ ངེའི་མནའ་མར་གཏང་གནང་ཟེར་སླབ་ད་ ཨའི་གིས་ བུམོ་ཆུང་ཤོསམ་འདི་ལུ་ བྱི་ལི་དང་པ་མཐོང་མི་དེ་ཁྱོད་ར་ཨིན། བྱི་ལིའི་མནའ་མར་ ཁྱོད་ར་སོང་ཟེར་བཏང་ད་ནུག། དེ་ལས་ བུམོ་དེ་ བྱི་ལི་གི་ཨམ་སྲུ་སྦེ་ སྡོད་དེ་ ཉིནམ་ཅིག་འབདཝ་ད་ གཡུས་དེ་ནང་གི་ཚེས་བཅུ་རན་ཏེ་ བུམོ་ཚེས་བཅུ་མཇལ་བར་འགྱོཝ་ད་ བྱི་ལི་ཁྱིམ་ནང་བཞག་བཞགཔ་མས། བྱི་ལི་གིས་ བུམོ་འདི་ སྐོར་ལམ་ལས་བཏང་ཞིནམ་ལས་ བྱི་ལི་ཁོ་རའི་གསོབ་དེ་ བཤུབ་བཞག་སྦེ་ གསེར་གྱི་གོ་ལ་གྱོན། གསེར་གྱི་དཔའ་རྟགས་བཏགས་ཏེ་ ཕྲང་ལམ་བདའ་ཡར་སོ་ནུག། བྱི་ལི་དེ་ བུམོ་གི་ཧེ་མ་ལྷོདཔ་སྦེ་སོང་སྟེ་ ཚེས་བཅུའི་ཁྲོམ་གྱི་གྱལ་གོང་མནེམ་སྟེ་སྡོད་ནུག། དེ་ལས་ ཚེས་བཅུ་མཇུག་བསྡུ་ཞིནམ་ལས་ བྱི་ལི་གིས་ བུམོ་གི་ཧེ་མ་ལས་ཁྱིམ་ནང་ལྷོདཔ་སྦེ་འོངས་ཏེ་ གོ་ལ་དང་དཔའ་རྟགས་འདི་ཚུ་ཕུད། ལོག་སྟེ་ར་ བྱི་ལི་གི་གསོབ་གྱོན་སྦེ་སྡོད་ནུག། དེ་ལས་ བྱི་ལི་གིས་ ཚེས་བཅུའི་ནང་ ཕོ་རྒྱས་ག་ར་ལེགས་པས་གོ་ཟེར་འདྲིཝ་ད་ བུམོ་གིས་ གྱལ་གོང་ལུ་བཞུགས་མི་དེ་ར་ ལེགས་པས་ཟེར་སླབ་ནུག། དེ་ལས་ ཚེས་བཅུ་ཉིནམ་གཉིས་པ་ལུ་ཡང་ དེ་སྦེ་ར་འབད་དེ་ བུམོ་ལོག་ལྷོདཔ་ད་ བྱི་ལི་གིས་ ཁ་ཙ་གི་དྲི་བ་དེ་ར་འདྲིཝ་ད་ བུམོ་ཐེ་ཚོམ་ཅིག་ཆགས་ནུག། དེ་ལས་ ཚེས་བཅུའི་ཉིནམ་གསུམ་པ་ལུ་ བུམོ་གིས་ འགྱོ་རྫུ་བཏབ་སྦེ་ ཁྱིམ་གྱི་རྒྱབ་ཁར་གཡིབས་ཏེ་བལྟ་སྡོདཔ་ད་ བྱི་ལི་གིས་ གསོབ་དེ་བཤུབ། དངུལ་གྱི་གོ་ལ་གྱོན། དངུལ་གྱི་དཔའ་རྟགས་བཏགས་སྦེ་སྡོད་པའི་བར་ན་ར་ བུམོ་གིས་ ནང་ན་འོངས་སྦེ་ བྱི་ལི་གི་གསོབ་འཐུ་སྟེ་ མེ་ནང་བཀོ་ནི་འབདཝ་ད་ བྱི་ལི་གིས་ མེ་ནང་མ་བཀོ། ཁྱིམ་གྱི་ཐོག་ཁར་བཀོ་ཟེར་སླབ་ནུག། ཁྱིམ་གྱི་ཐོག་ཁར་བཀོ་གཏངམ་ད་ རྒྱུ་ནོར་ལེ་ཤ་ཐོན་ནུག། ད་རུང་བུམོ་གིས་ དེ་ནང་ལས་འཐུ་སྟེ་ མེ་ནང་བཀོ་ནི་འབདཝ་ད་ བྱི་ལི་གིས་ མེ་ནང་མ་བཀོ། ཁྱིམ་གྱི་འོག་ལུ་བཀོ་ཟེར་སླབ་ནུག། ཁྱིམ་གྱི་འོག་ལུ་བཀོ་གཏངམ་ད་ ནོར་སེམས་ཅན་ལེ་ཤ་ཐོན། ཁྱིམ་ཡང་ རྒྱལ་པོའི་ཕོ་བྲང་བཟུམ་ཅིག་ལུ་གྱུར་སོ་ནུག། དེ་ལས་ བུམོ་དེ་ བྱི་ལི་ཕྱུག་པོའི་བུ་ལུ་འགྱུར་མི་དེ་དང་གཅིག་ཁར་ དགའ་སྐྱིད་ཕུན་སུམ་ཚོགས་ཏེ་སྡོད་ནུག་གོ། །། བུམོ་ཉི་ཟླ་བཟང་མོ། ཧེ་མ་ གྲོང་གསེབ་ཅིག་ནང་ བུམོ་གཉིས་ཡོདཔ་མས། བུམོ་དེ་གཉིས་ ག་ནི་བ་འཇའ་རིསམོ་ ཉིམ་དང་ཟླཝ་བཟུམ་ཡོད་ནི་དེ་གིས་ མིང་ཡང་ཟླ་བ་བཟང་མོ་དང་ ཉི་མ་བཟང་མོ་ཟེར་བཏགས་ནུག། ཁོང་གཉིས་ཨ་རྟག་ར་ མེ་ལོང་ར་བལྟ་སྟེ་ བཟོ་བཟོ་ཡི་ར་སྡོད་དོ་ཡོདཔ་མས། ནམ་ཅིག་འབདཝ་ད་ བུམོ་ཉི་མ་བཟང་མོ་གིས་ མེ་ལོང་སྦོམ་འདི་ ང་བཅས་གཉིས་ཀྱི་གདོང་ཁར་འབག་ཤོག ང་བཅས་གཉིས་ ག་འཇའ་བས་ག་བལྟ་གེ་ཟེར་སླབ་སླབ་མས། ཟླ་བ་བཟང་མོ་གིས་ བཏུབ་ཟེར་སླབ་ད་ ཉི་མ་བཟང་མོ་གིས་ ང་བཅས་གཉིས་ལས་ བཟོ་ལྟ་ག་ཉེས་མི་འདི་ ཁྱིམ་ནང་ལས་འཐོན་འགྱོ་དགོཔ་ཨིན་ཟེར་སླབ་སྟེ་ མེ་ལོང་ནང་ལྟཝ་ད་ ཁོང་གཉིས་ཆ་ར་ ཅོག་འཐདཔ་ཡོད་ནི་དེ་གིས་ དབྱེ་བ་ཕྱེ་མ་ཚུགས་པས། ཨིན་རུང་ ཉི་མ་བཟང་མོ་ ཨ་ཞེམོ་འབད་ནི་དེ་གིས་ མོ་གིས་ བང་ཅན་བཙོངས་ཏེ་ ནུམོ་ཟླ་བ་བཟང་མོ་ ནུབམོ་ཕྱེད་ལུ་ ཁྱིམ་ནང་ལས་བདའ་བཏང་ད་ནུག། བུམོ་ཟླ་བ་བཟང་མོ་ལུ་ ཅ་ལ་ཡང་ གཞན་ག་ནི་ཡང་མ་བྱིན་པར་ ལམ་ཁར་ཟ་ནིའི་ ཨེ་པཱལ་ཕུད་རྡོག་གསུམ་བྱིན་སྦེ་བཏང་དཔ་མས། བུམོ་ཟླ་བ་བཟང་མོ་ ནུབ་མོ་ཟླ་དཀར་ནང་ སེམས་སྐྱོ་བའི་ངང་ལས་འགྱོཝ་ད་ ལམ་ཁ་ལུ་ ཨང་རྒས་གོ་ལ་དཀརཔོ་གྱོན་མི་ཅིག་དང་ཕྱད་ནུག། མོ་གིས་ ཨང་རྒས་ལུ་ ག་ཏེ་འབྱོནམ་སྨོ་ཟེར་འདྲིཝ་ད་ ཨང་རྒས་ཀྱིས་ ང་ཟ་ནི་གི་ལྟོ་ཅིག་འཚོལ་བར་འོངས་འོངསམ་ཨིན། བུམོ་ཁྱོད་ལུ་ ཟ་ནི་གི་རིགས་ག་ནི་ཡང་མེད་ག་ཟེར་སླབ་ད་ མོ་གིས་ མོ་རའི་ཧེམ་ཅུའི་ནང་ལས་ ཨེ་པཱལ་ཅིག་བཏོན་ཏེ་བྱིན་ནུག། ཨང་རྒས་སེམས་དགའ་སྟེ་ ཨེ་པཱལ་འདི་ཟ་ཡི་ར་ བུམོ་འདི་ལུ་ ཁྱོད་ནམ་ཕྱེད་གནག་མོའི་སྦུག་ལུ་ ག་ཏེ་འགྱོ་ནི་སྦེ་ཨིནམ་ཟེར་འདྲིཝ་ད་ བུམོ་དེ་གིས་ ཨ་ཞེམོ་གིས་ བདའ་བཏང་པའི་ལོ་རྒྱུས་ཚུ་ག་ར་ ཕྲང་སྟེ་སླབ་སླབ་མས། ཁོང་གཉིས་བློ་སླབ་ཅི་ར་འགྱོཝ་ད་ ཡུདཔ་ཅིག་ཁ་ལས་ ཤིང་སྦོམ་ཅིག་གི་རྩ་བར་ ཀླུའི་ཕོ་བྲང་ཡོད་ས་ཅིག་ཁར་ལྷོད་ནུག། ཀླུའི་ཕོ་བྲང་གི་རྩ་བར་ལྷོདཔ་ད་ ཨང་རྒས་ཀྱིས་ ཨ་ཙི་ངལ་འཚོ་གེ་ཟེར་སླབ་ཞིནམ་ལས་ ཁྱོད་ལུ་ག་ཅི་དགོ་ནི་སྨོ། མ་གསང་པར་སླབ་ཟེརཝ་ད་ བུམོ་གིས་ ག་ཅི་གནང་རུང་བཏུབ་ཟེར་སླབ་སླབ་མས། ཨང་རྒས་ཀྱིས་ ཁྱོད་ར་ཚར་གཅིག་མིག་ཏོ་བཙུམ་ཟེར་སླབ་སྟེ་ མིག་ཏོ་བཙུམས་སྡོད་ཞིནམ་ལས་ ལོག་མིག་ཏོ་ཁ་བརྒྱངས་ལྟཝ་ད་ ཨང་རྒས་ག་ཏེ་ཡང་མེད་པར་ མོ་ར་གསེར་གྱི་ཕོ་བྲང་ག་ནི་བ་ཉམས་དགའ་བའི་ནང་ལུ་ ཕོ་རྒྱ་འཇའ་རིསམོ་ གོས་ཆེན་གྱི་གོ་གྱོན། དཔའ་རྟགས་བཏགས་མི་ཅིག་དང་གདོང་བསྒོར་སྦེ་ མཐའ་སྐོར་ལུ་རྒྱུ་ནོར་ལོངས་སྤྱོད་ གསེར་དང་དངུལ་གྱི་རྒྱན་ཆ། ཕོ་བྲང་གི་ཕྱི་ཁ་ལུ་ སྒོ་ནོར་སེམས་ཅན་གྱི་རིགས་ག་ར་ རྩྭ་ཟ་སྡོད་ནུག་ཟེར་ཨིན་མས། དེ་ལས་ སེམས་དགའ་སྟེ་ ཕོ་རྒྱ་དེ་དང་གཅིག་ཁར་ གཉེན་རྐྱབ་སྟེ་དགའ་སྤྲོ་གོང་ལས་གོང་དུ་འཕེལ་ཏེ་སྡོད་ནུག། དེ་ལས་ ཨ་ཞེམོ་ཉི་མ་བཟང་མོ་ཡང་ སེམས་ཤོར་ཏེ་ ཁྱོད་ག་དེ་སྦེ་འབད་དེ་ ཐོབ་ཅི་ཟེར་འདྲིཝ་ད་ ནུམོ་ཟླ་བ་བཟང་མོ་གིས་ ལོ་རྒྱུས་དེ་ཚུ་ རྒྱས་ཤིང་རྒྱསཔ་སྦེ་སླབ་ནུག། དེ་ལས་ ཨ་ཞེམོ་ ཉི་མ་བཟང་མོ་ཡང་ ནུབམོ་ཅིག་ ཨེ་པཱལ་གསུམ་ཧེམ་ཅུའི་ནང་བཙུགས་ཏེ་ ཁྱིམ་ནང་ལས་ཐོན་སོང་སོངམ་མས། ལམ་ཁ་ལུ་ ཨང་རྒས་ཅིག་དང་ཕྱད་དེ་ ཨེ་པཱལ་ཅིག་བྱིནམ་ད་ ཨང་རྒས་ཀྱིས་ ཤིང་ཅིག་གི་རྩ་བར་ཁྱིད་དེ་ མིག་ཏོ་བཙུམ་བཅུག་ནུག། མིག་ཏོ་བརྒྱངས་ཏེ་ལྟཝ་ད་ སྦུལ་སྦོམ་ཆུང་ཐང་མེདཔ་ཅིག་གི་སྦུག་ལུ་ལྷོད་དེ་ དེ་ནང་ལས་ ག་ཏེ་ཡང་སྤར་ས་མེད་པར་ དེ་ནང་ར་ སྲོག་བཅད་དེ་ཤི་སོ་ནུག་གོ། །། ཕོ་རྒྱས་ལུ་ཁ་སླབ་མ་བཏུབ་མིའི་བུམོ། ཧེ་མ་ ལུང་ཕྱོགས་ཅིག་ནང་ལུ་ རྒྱལ་པོའི་སྲས་ཅིག་དང་ ཕྱུག་པོའི་བུ་ཅིག་ སྤྱང་ཀའི་བུ་ཅིག་ཡོདཔ་ཨིན་མས། ཁོང་གསུམ་ལྟོ་ཚང་བསྡོམས་ཏེ་ ཨ་རྟག་ར་གཅིག་ཁར་སྡོད་དོ་ཡོདཔ་མས། དེ་ལས་ གཡུས་ཚན་ཅིག་ནང་ལུ་ བུམོ་གཞན་དང་མ་འདྲ་བའི་ འཇའ་རིསམོ་ཅིག་ཡང་ཡོདཔ་ཨིན་མས། མོ་གིས་ ཕོ་རྒྱས་ཀྱི་རིགས་ག་དང་གཅིག་ཁ་ཡང་ བློ་ར་སླབ་མི་བཏུབ་དོ་ཡོདཔ་མས། དེ་འབདཝ་ད་ ཕོ་རྒྱས་ག་ར་ མོ་ལུ་སེམས་ཤོརཝ་ཤོར་ས་ར་སྡོད་དོ་ཡོདཔ་མས། ནམ་ཅིག་འབདཝ་ད་ དང་པ་ར་ རྒྱལ་པོའི་སྲས་དེ་གི་སེམས་ཁར་ བུམོ་འདི་གིས་ ཕོ་རྒྱས་གཞན་ལུ་མ་དགའ་རུང་ ང་ལུ་འདི་དགའ་འོང་ཟེར་མནོ་སྟེ་ གོས་ཆེན་གྱི་གོ་གྱོན། དཔའ་རྟགས་བཏགས། ལག་རྒྱན་བསློགས། ལྷམ་ལེགས་ཤོམ་ཅིག་བཙུགས་སྦེ་ མོ་འབད་སར་ཚོད་བལྟ་བར་བྱོན་ནུག། བུམོ་མོ་རའི་ཁྱིམ་གྱི་ནང་ན་ ཐགས་ལཱ་འབད་སྡོདཔ་མཐོང་སྟེ་ བློ་སླབ་ནི་སྦེ་ ནང་ན་འཛུལ་བར་འགྱོཝ་ད་ བུམོ་གིས་ སྒོ་བསྡམས་བཏང་ད་ནུག། སྒོ་ཕྱེ་ཟེར་ག་དེམ་ཅིག་སླབ་རུང་ བུམོ་དེ་གིས་ སྒོ་ཕྱེ་མ་བཏུབ་ལས་ རྒྱལ་པོའི་སྲས་དེ་ཐུགས་ཕམ་སྟེ་ ལོག་ཁོ་རའི་ཕོ་བྲང་ནང་བྱོན་སྦེ་ ཆ་རོགས་གཉིས་ལུ་ ལོ་རྒྱུས་དེ་ཚུ་སླབ་ནུག། དེ་གི་ནངས་པ་ ཕྱུག་པོའི་བུ་དེ་གིས་ འགྱོ་བལྟ་གེ་ཟེར་སླབ་སྟེ་ ཁོའི་མནོ་བསམ་ལུ་ གཟུགས་ཁ་གི་རྒྱན་ཆ་ལུ་བལྟ་སྟེ་ སེམས་ཤོར་འོང་མནོ། གཟུགས་ཁར་གསེར་གྱི་གའུ་བཏགས། ལག་པའི་མཛུབ་ཅུང་རེ་ལུ་གསེར་གྱི་མཛུབ་དཀྱི་རེ་བཙུགས། གཟི་དང་བྱུ་རུ་སྐེ་འཁོར་ཅིག་ལག་པར་བཤེད་སྦེ་ བུམོ་འབད་སར་སོང་ནུག། ཁོ་གིས་ རྒྱན་ཆ་ཚུ་ག་དེམ་ཅིག་ ངོམ་སྟོན་ཏེ་བློ་དྲིས་རུང་ མོ་གིས་ ཐགས་འཐག་ས་ལས་ སྒོ་བསྡམས་བཞག་སྟེ་ བློ་སླབ་ནི་ཕར་བཞག སྒོ་ར་ཕྱེ་མ་བཏུབ་པས། དེ་ལས་ ཁོ་ཡང་ རྒྱལ་པོའི་སྲས་བཟུམ་སྦེ་ར་ སེམས་ཤི་སྟེ་ ལོག་འོང་དགོཔ་ཐོན་སོ་ནུག། དེ་ལས་ ཕྱུག་པོའི་བུ་ ལོག་ཕོ་བྲང་ནང་སོང་སྟེ་ ཁོ་རའི་ལྟོ་ཚང་གཉིས་ལུ་ ལོ་རྒྱུས་དེ་ཚུ་སླབ་ད་ སྤྱང་ཀའི་བུ་དེ་གིས་ དེ་གི་ནངས་པ་ ཁོ་གིས་འགྱོ་བལྟ་གེ་ཟེར་སླབ་ནུག། རྒྱལ་པོའི་སྲས་དང་ཕྱུག་པོའི་བུ་གིས་ སྤྱང་ཀའི་བུ་ལུ་ ང་བཅས་འཇའ་རིསམོ་དང་ ཕྱུགཔོ་ག་དེམ་ཅིག་ཡོད་རུང་ མིག་ཏོ་ར་བལྟ་མི་བཏུབ་པས། ཁྱོད་འདི་ སྤྱང་ཀ་ཨིནམ་མ་ཚད་ གོ་ཡང་ཁམས་ལོག་སི་སི་སྦེ་གྱོན་འགྱོཝ་ད་ མོ་གིས་ མིག་ཏོ་གིས་ར་ བལྟ་མི་བཏུབ་ཟེར་སླབ་ནུག། སྤྱང་ཀའི་བུ་གིས་འབད་བ་ཅིན་ མོ་དང་གཅིག་ཁར་ ཁ་སླབ་ཚུགས་ཟེར་སླབ་ད་ ཁོང་གཉིས་ཀྱིས་ རྒྱལ་བཞག་གེ་ཟེར་སླབ་སྟེ་ སྤྱང་ཀའི་བུ་གིས་ མོ་དང་གཅིག་ཁར་ཁ་སླབ་ཚུགས་པ་ཅིན་ རྒྱལ་པོའི་སྲས་ཀྱིས་ གསེར་ཕྱེ་ བྱེ་ཁལ་གཅིག་བྱིན་ནི་དང་ ཕྱུག་པོའི་བུ་གིས་ རྒྱ་ཚམོ་ཁལ་ལྔ་བྱིན་ནི་སྦེ་ ཁ་ཚིག་བཟོ་སྟེ་ རྒྱལ་སྤུངས་བཞག་ནུག། དེའི་ནངས་པ་ སྤྱང་ཀའི་བུ་དེ་ གོ་ལ་ཡང་ ཁོ་ར་ཨ་རྟག་གྱོན་མི་དེ་ར་གྱོན་ཏེ་ བུམོ་འདི་འབད་སར་འགྱོཝ་ད་ ལམ་ཁར་ ཨང་རྒས་ཅིག་ ཆུ་དབོག་པར་འོངམ་ཁ་ཐུག་རྐྱབ་ནུག། ཁོ་གིས་ ཨང་རྒས་ ཆུ་དབོག་སྟེ་ ག་ཅི་འབད་ནི་ཟེར་འདྲིཝ་ད་ ཨང་རྒས་ཀྱིས་ བུམོ་འཇའ་རིསམོ་དེ་གི་མིང་བཏོན་ཏེ་ མོ་གི་ཁྲུས་ཆུ་བཟོ་ནི་ཨིན་ཟེར་སླབ་ནུག། ཁོ་གིས་ ཁྱོད་ཀྱི་བུམོ་དེ་ རྒྱལ་པོའི་སྲས་དང་ ཕྱུག་པོའི་བུ་ལུ་ཡང་ ཁ་མི་སླབ་པས་ལོ། ཆུ་འཁྱུ་སྟེ་ག་ཅི་འབད་ནི། ཁ་སླབ་མ་ཤེས་པའི་ རྩ་རྒསམོ་ཅིག་ཨིནམ་འདྲ་བས་མེན་ན་ཟེར་སླབ་སླབ་མས། དེ་ལུ་ ཨང་རྒས་ཀྱིས་ ཁྱོད་ བུམོ་འཇའ་རིསམོ་ལུ་ དེ་སྦེ་མ་སླབ། མོ་ ཕོ་རྒྱས་ཚུ་ལུ་ ཁ་སླབ་དགོ་མ་མནོ་བའི་དོན་དག་སྦོམ་ཅིག་འདུག་ཟེར་སླབ་ནུག། དེ་ལས་ སྤྱང་ཀའི་བུ་གིས་ དོན་དག་ག་ཅི་སྨོ་ཟེར་འདྲིཝ་ད་ ཨམ་དེ་གིས་ སླབ་མ་བཏུབ་པས། ཁྱོད་ཀྱིས་སླབ་མ་བཏུབ་པ་ཅིན་ ང་གིས་ཁྱོད་གསད་ནི་ཨིན་ཟེར་ ཨོལ་ལྐོག་བསྡམ་པར་འགྱོ་ནུག། དེ་ལས་ ཨང་རྒས་ཀྱིས་ ང་མ་བསད་ དོན་དག་འདི་སླབ་གེ་ཟེར་ཞིནམ་ལས་ མོ་ ཕོ་རྒྱས་ལུ་ ཁ་སླབ་དགོ་མ་མནོ་བའི་དོན་དག་འདི་ ཧེ་མ་གི་མི་ཚེ་ལུ་ བུ་འཇའ་རིསམོ་ཅིག་དང་མཉམ་གཅིག་ གཉེན་རྐྱབ་སྡོད་པའི་སྐབས་ མི་ཚུ་ མིག་ཏོ་ཚ་སྟེ་ བར་ན་དཀྲོགས་ཏེ་ ཁ་ཕྱལ་བཏང་ད་ནུག། དེའི་ཤུལ་ལས་ སེམས་ཅན་ བ་དང་གླང་སྦེ་སྐྱེས་རུང་ བ་གཞན་ཚུ་གིས་བརྡུངས་ཏེ་བསད་བཏང་ད་ནུག། ད་རེས་ཀྱི་སྐྱེ་བ་འདི་ཁར་ མོ་གིས་ སྐྱེ་བ་ཧེ་མམ་ཚུ་དྲན་ཏེ་ འདི་ལུ་སེམས་སྐྱོ་སྟེ་ ཕོའི་རིགས་ལུ་ བློ་ར་མ་སླབ་པར་སྡོད་དགོ་མི་འདི་ དེ་གིས་སྦེ་ཨིན་ཟེར་སླབ་བྱིན་ནུག། དེ་ལས་ སྤྱང་ཀའི་བུ་དེ་ སེམས་དགའ་སྟེ་འགྱོཝ་ད་ བུམོ་འདི་ མོ་རའི་ཁྱིམ་གྱི་ཕྱི་ཁར་ཉིམ་བསྲོ་སྡོད་སར་མཐོང་སྟེ་ བློ་སླབ་པར་འགྱོཝ་ད་ མོ་གིས་ ཁྱིམ་ནང་ན་འཛུལ་འགྱོ་སྦེ་ ཁོ་ལུ་ཡང་སྒོ་ར་ཕྱེ་མ་བཏུབ་པས། དེ་ལས་ ཁོ་གིས་ ལམ་ཁར་ ཨང་རྒས་ཀྱིས་སླབ་མི་དེ་ རྒྱས་ཤིང་རྒྱསཔ་སྦེ་ སྒོའི་སེར་གུ་ནང་ལས་ ཁ་དཔགས་ཏེ་ སླབ་ཞིན་ན་ ཧེ་མ་གི་ཕོ་རྒྱས་དང་གླང་དེ་ ཁོ་ཨིནམ་བཟོ་སྟེ་སྔུ་ད་ནུག། དེ་ལས་ བུམོ་དེ་ཡང་ཚེ་ཧེ་མ་གི་དཔྱད་རིག་བཏང་སྟེ་སྒོ་ཕྱེ་ད་ནུག། སྤྱང་ཀའི་བུ་དེ་ ནང་ན་ལྷོདཔ་ད་ བུམོ་དེ་གིས་ ལྟོ་དང་སྤགས་བྱིན་རུང་ མོ་གིས་ ཁ་ག་ནི་ཡང་མ་སླབ་པར་སྡོད་ནུག། དེ་ལུ་ སྤྱང་ཀའི་བུ་དེ་གིས་ ཁྱོད་ལྟོ་དང་སྤགས་ ག་དེམ་ཅིག་ལེགས་ཤོམ་བྱིན་རུང་ ཁ་མ་སླབ་པ་ཅིན་ ང་མི་ཟ་ཟེར་སླབ་ད་ མོ་གིས་ ལྟོ་ཟ་ཟེར་ཁ་ལས་ཐོན་ཡར་སོ་ནུག། དེ་ལས་ ཁོང་གཉིས་ ཚེ་ཧེ་མ་གི་བློ་ལས་འགོ་བཙུགས་ཏེ་ཁ་སླབ་ལས་ བརྩེ་མིག་གཞི་མཐུན་ཏེ་ དེ་ཚེ་ཕྱི་རུ་ལས་འགོ་བཙུགས་ཏེ་ མོའི་རྨགཔ་འབད་ཆི་ནུག། སྤྱང་ཀའི་བུ་དེ་ སེམས་དགའ་བའི་ཤུགས་ཀྱིས་ ཉིནམ་གསུམ་ ལྟོ་ཚང་གཉིས་ལས་ རྒྱལ་ལེན་པར་འགྱོ་ནིའི་ དཔྱད་རིག་ཡང་མ་བཏང་པས། ཉིནམ་གསུམ་གྱི་རྒྱབ་ལས་ ལྟོ་ཚང་གཉིས་འབད་སར་སོང་སྟེ་ རྒྱལ་སྤུངས་བཞག་མི་འདི་ཡང་ ལེན་འབག་འོངས་སྦེ་ སྤྱང་ཀའི་བུ་དེ་ བུམོ་འཇའ་རིསམོ་དང་གཅིག་ཁར་ གཉེན་རྐྱབ་སྟེ་ དགའ་སྐྱིད་ཕུན་སུམ་ཚོགས་ཏེ་སྡོད་ནུག། དེ་གིས་སྦེ་ སྐྱེས་པ་ཁ་ཤོར་ཚིག་ཤོར་དང་ ཟ་མ་ཁ་ཤོར་ལུས་ཤོར་ཟེར་མིའི་དཔྱེ་གཏམ་དེ་ཐོན་ནུག་གོ། །། ནོར་རྫིཔ་བུམོ་སྤུན་གསུམ། ཧེ་མ་གཡུས་ཚན་ཅིག་ནང་ ཨཔ་ཅིག་དང་ཨམ་ཅིག་ལུ་ བུམོ་སྤུན་ཆ་གསུམ་ཡོདཔ་མས། བུམོ་གཅིག་གི་མིང་ གསེར་ལེགས་སྒྲོལམ། བུམོ་གཅིག་གི་མིང་ དངུལ་ལེགས་སྒྲོལམ། བུམོ་གཅིག་གི་མིང་ དུང་ལེགས་སྒྲོལམ་ཟེར་སླབ་དོ་ཡོདཔ་མས། དོ་རུང་ གཡུས་འདི་ནང་ལུ་ དྭཝ་བུཚ་ཅིག་དང་ བུམོ་ག་ར་སེམས་ཤོར་མི་གི་བུ་གསར་རིསམོ་ ལྷ་དབང་ཟེར་མི་ཅིག་ཡང་ཡོདཔ་མས། དྭཝ་བུཚ་དེ་ ཨ་རྟག་ར་ རི་ཁར་ནོར་འཚོ་བར་འགྱོ་དོ་ཡོདཔ་མས། བུམོ་སྤུན་གསུམ་ཡང་ ཉིན་སྐོར་རྐྱབ་སྟེ་ ནོར་འཚོ་བར་འགྱོ་དོ་ཡོདཔ་ལས་ ཚར་ཅིག་འབདཝ་ད་ བུམོ་གསེར་ལེགས་སྒྲོལམ་དང་ དྭཝ་བུཚ་དེ་ རི་ཁར་ནོར་འཚོ་སར་གཅིག་ཁར་ཚུད་ནུག། དེ་ལས་ རི་ཁར་ལྷོད་ཞིནམ་ལས་ ཉིན་མ་གི་ལྟོ་ཟཝ་ད་ གསེར་ལེགས་སྒྲོལམ་གིས་ བུ་ལེགས་པའི་ལྷ་དབང་མཆོད་ཟེར་ ལྟོ་ཕུད་གཏོརཝ་ད་ དྭཝ་བུཚ་གི་ཁ་ནང་འཛུལ་སོ་ནུག། དེ་ལས་ དྭཝ་བུཚ་གིས་ ཞིམ་ཏག་ཟེར་ཟ་ནི་སྨོ། ཨེ་ཧེམ་ ཐུའི་ཟེར་བཀོ་ནི་སྨོ་ཟེར་སླབ་ད་ གསེར་ལེགས་སྒྲོལ་མ་གིས་ ང་ བུ་ལེགས་པའི་ལྷ་དབང་ལུ་གཏོརཝ་མེནམ་ ཁྱོད་ལུ་མེན། ཨེ་ཧེམ་ཐུའི་ཟེར་བཀོ་ད་ཟེར་སླབ་ནུག། ད་རུང་ དེའི་ནངས་པ་ དངུལ་ལེགས་སྒྲོལམ་དང་དྭཝ་བུཚ་ ནོར་འཚོ་ས་གཅིག་ཁར་ཚུད་སོ་ནུག། དེ་ལས་ དངུལ་ལེགས་སྒྲོལམ་གིས་ལྟོ་ཟཝ་ད་ཡང་ ཉིནམ་ཧེ་མ་བཟུམ་ བུ་ལེགས་པའི་ལྷ་དབང་མཆོད་ཟེར་གཏོརཝ་ད་ དོ་རུང་ དྭཝ་བུཚ་འདི་གི་ཁ་ནང་འཛུལ་སོ་ནུག། དེ་ལས་ དྭཝ་བུཚ་གིས་ ཞིམ་ཏག་ཟེར་ཟ་ནི་སྨོ། ཨེ་ཧེམ་ཐུའི་ཟེར་བཀོ་ནི་སྨོ་ཟེར་སླབ་ད་ དངུལ་ལེགས་སྒྲོལམ་གིས་ ངེའི་ལྟོ་ཕུད་ བུ་ལྷ་དབང་ལུ་གཏོརཝ་མེནམ་ ཁྱོད་ལུ་མེན། ད་ལྟོ་ར་ཨེ་ཧེམ་ཐུའི་ཟེར་བཀོ་ད་ཟེར་སླབ་ནུག། དོ་རུང་ དེ་གི་ནངས་པ་ དུང་ལེགས་སྒྲོལམ་དང་ དྭཝ་བུཚ་འདི་ནོར་འཚོ་སར་གཅིག་ཁར་ཚུད་ནུག། དེ་ལས་ དུང་ལེགས་སྒྲོལམ་གིས་ ལྟོ་ཟ་ནི་སྦེ་ ལྟོ་ཕུད་གཏོརཝ་ད་ ལས་གནམ་བསྐོས་ཡོད་པའི་ཁ་ལུ་མཆོད་ཟེར་གཏོརཝ་ད་ དྭཝ་བུཚ་གི་ཁ་ནང་འཛུལ་སོ་ནུག། དེ་ལས་ དྭཝ་བུཚ་གིས་ ཞིམ་ཏག་ཟེར་ཟ་ནི་སྨོ། ཨེ་ཧེམ་ཐུའི་ཟེར་བཀོ་ནི་སྨོ་ཟེར་འདྲིཝ་ད་ ཁ་ལུ་ཚུད་མི་འདི་ ཞིམ་ཏག་ཟེར་ ལྐོད་མར་གཏང་ནི་ར་རྨམ་ཟེར་སླབ་ནུག། དེ་ལས་ ཁོང་གཉིས་ལྟོ་ཡང་གཅིག་ཁར་རུབ་སྟེ་ཟ་སྦེ་ ལས་གནམ་བསྐོས་ཡོདཔ་མས་ཟེར་ གཉེན་རྐྱབ་ནིའི་བློ་སླབ་ནུག། དེ་ལས་ ཕྱི་རུ་ ཁྱིམ་ནང་ལྷོད་དེ་ དུང་ལེགས་སྒྲོལམ་གིས་དྭཝ་བུཚ་དང་ གཉེན་རྐྱབ་ནིའི་སྐོར་ལས་ ཨ་པ་ལུ་སླབ་ད་ལུ་ ཨ་པ་གིས་ཚོགས་བརྡ་ཟེརཝ་ཅིག་བཏང་སྟེ་ དུང་ལེགས་སྒྲོལམ་ ཁྱིམ་ནང་ལས་བཏོན་བཏང་ད་ནུག། དེ་ལས་ དུང་ལེགས་སྒྲོལམ་དང་ དྭཝ་བུཚ་དེ་ གཡུས་འདི་གི་སྦོ་ལོགས་ཁའི་སྤང་ཅིག་ནང་ སྦ་སྒོར་ཅིག་སྤུབས་སྦེ་སྡོད་ནུག། ཚར་ཅིག་འབདཝ་ད་གཡུས་དེ་ནང་ ལྟདམོ་སྦོམ་ཅིག་ཡོད་དེ་ བལྟ་བར་འགྱོ་ནིའི་བློ་སླབ་ད་ དྭཝ་བུཚ་གིས་ ཁྱོད་ར་ཧེ་མ་སོང་། ང་ ལྟ་མ་འཐོན་འོང་ཟེར་སླབ་སྦེ་ ཤུལ་མར་སྡོད་ད་ནུག། ཕར་ལྷོདཔ་ད་ ཧེ་མ་མ་མཐོང་མིའི་ཕོ་རྒྱས་གསར་རིསམོ་ཅིག་ རྟ་གུར་བཞོན་ཏེ་འོངས་ཞིནམ་ལས་ ཁྲོམ་གྱི་གོང་མནེམ་སྟེ་བཞུགས་དེས་ཟེར་ཨིན་མས། དོ་རུང་ དེའི་ནངས་པ་ ལྟདམོ་བལྟ་བར་འགྱོཝ་ད་ཡང་ ཁོ་གིས་ ཁྱོད་ར་ཧེ་མ་སོང་། ང་ ལྟ་མ་འཐོན་འོང་ཟེར་སླབ་སྟེ་ མོ་ཧེ་མ་བཏང་ད་ནུག། མོ་ཧེ་མ་ཕར་ལྷོད་དེ་ལྟཝ་ད་ ཕོ་རྒྱས་གསར་རིསམོ་དེ་ མ་ལྷོད་པས་ཟེར་ཨིན་མས། མོ་ཡང་ མིག་ཏོ་སྒྱིམ་སུ་ཅིག་སྦེ་བལྟ་སྡོདཔ་ད་ ཕོ་རྒྱས་དེ་ཡང་མོ་འོང་སའི་ལམ་བདའ་སྟེ་ར་ འོང་སར་མཐོང་ནུག། མོ་ཡང་ དོགས་པ་ཅིག་ཆགས་ཏེ་ ག་ཨིན་ན་བལྟ་དགོ་པས་མནོ་སྟེ་ ཁྲོམ་མཇུག་མ་བསྡུ་བའི་ཧེ་མ་ལས་སོང་སྟེ་ ཁོང་ར་སྡོད་སའི་སྦ་སྒོར་ཟུར་ཁ་ལས་ གཡིབས་ཏེ་བལྟ་སྡོད་ནུག། ཨ་ཙི་ཅིག་ཁ་ལས་ མི་དེ་ རྟ་གུར་བཞོན་སྦེ་འོངས་ཞིནམ་ལས་ མོ་གི་སྦ་སྒོར་ནང་འཛུལ་ནི་འབདཝ་ད་ མོ་གིས་ཁྱིམ་གྱི་ནང་ན་ ཚ་ངེར་བཏོན་ཏེ་འཛུལ་ཞིནམ་ལས་ དྭཝ་བུཚ་གི་གོ་རྒསཔ་དེ་མེ་བཏང་། ཁོ་ཕང་མར་བཏབ་བཏང་པའི་བསྒང་ལས་ ཁོ་ལོག་སྟེ་དྭཝ་བུཚ་ལུ་འགྱུར་མ་ཚུགས་པར་ལུས་སོ་ནུག། དེ་ལས་ དུང་ལེགས་སྒྲོལམ་ཡང་ ཕོ་རྒྱས་གསར་རིསམོ་འདི་དང་གཅིག་ཁར་ དགའ་ཏོག་ཏོ་སྦེ་སྡོདཔ་ད་ལུ་ དུང་ལེགས་སྒྲོལམ་གི་ཨ་ཞེམོ་ཚུ་དང་ བུམོ་གཞན་ཚུ་ག་ར་སེམས་ཤོར་ཏེ་ལུས་སོ་ནུག་གོ། །། ཨཔ་རྡོ་རྗེ་དང་མི་རྒོད། ཧེ་མ་ གཡུས་ཚན་སྦོམ་ཅིག་ནང་ ཨཔ་རྡོ་རྗེ་ཟེར་མི་ཅིག་དང་ ཨམ་ཀུན་དགའ་ཟེར་མི་ཅིག་ཡོདཔ་མས། ཚར་ཅིག་འབདཝ་ད་ ཨཔ་རྡོ་རྗེ་འདི་ ནགས་ཚལ་ནང་ཁ་མིག་སྤོག་པར་སོངམ་ད་ མི་རྒོད་མོ་ཅིག་དང་ཕྱད་དེ་ མི་རྒོད་མོ་འདི་གིས་ ཨཔ་འདི་འཐུ་འབག་ཡར་སོ་ནུག། ནགས་ཚལ་ལས་ནགས་ཚལ་བརྒྱུད་དེ་ ལུང་པའི་ཕུ་ལུ་ལྷོདཔ་ད་ མི་རྒོད་མོ་འདི་གིས་ ཨཔ་རྡོ་རྗེ་འདི་བྱག་ཕུག་ཅིག་ནང་བཞག་སྦེ་ མོ་ར་ཕྱི་ཁར་ཐོན་ལོག་སོ་ནུག། མི་རྒོད་རྒྱབ་ཐལ་བའི་ཤུལ་མར་ ཨཔ་འདི་ བྱོག་འགྱོ་ནི་སྦེ་བྱག་ཕུག་སྒོ་ཁར་ལྷོདཔ་ད་ མི་རྒོད་ལོག་འོང་སར་མཐོང་སྟེ་ ཨཔ་ལོག་སྟེ་ར་ བྱག་ཕུག་ནང་འཛུལ་སྦེ་ སྡོད་དགོཔ་ཐོན་སོ་ནུག། མོ་ལོག་ལྷོད་པའི་བསྒང་ལས་ ཤ་ལེ་ཤ་འབག་སྟེ་འོངས་ནུག་ཟེར་ཨིན་མས། དེ་ཚེ་ཕྱི་རུ་ལས་ ཨཔ་རྡོ་རྗེ་འདི་ ཤ་ཟ་ཡི་ར་ ཕྱི་རུ་ཡང་མོ་དང་གཅིག་ཁར་ འཇར་ཏེ་ཉལ་དགོ་པས་ཟེར་ཨིན་མས། ནངས་པ་དྲོ་པ་ཉིམ་ཤརཝ་ད་ ཨཔ་རྡོ་རྗེ་འདི་ ཤ་ཚུ་དྲ་སྟེ་བསྐམས་ཞིནམ་ལས་ ཁོ་ར་ཡང་ལྟོ་བཀྱེསཔ་ད་ར་ ཤ་སྐམ་ཟ་ཡི་ར་སྡོད་ནུག། ཡུདཔ་ཅིག་ཁ་ལས་ ཨཔ་འདི་ ཤ་གིས་བསུན་ཏེ་ ལོག་ཁྱིམ་ནང་འགྱོ་གེ་ཟེར་བར་ མི་རྒོད་ཀྱིས་ཉིན་ནུབ་མེད་པར་སྲུང་སྡོད་དེ་ འགྱོ་མ་སྟེར། སྡོད་གེ་ཟེར་བར་ ལཱ་ག་ནི་ཡང་མེད་པར་བསུན་ཏེ་ ཉིནམ་ཅིག་འབདཝ་ད་ མི་རྒོད་ཀྱིས་འབག་འོང་མི་སེམས་ཅན་གྱི་པགས་ཀོ་ཚུ་ ཚི་ལུ་མར་ཁུ་བཏབ་སྟེ་ འཕུར་ཞིནམ་ལས་ ཁོ་ར་ལུ་ཀོཝ་གི་གོ་ཅིག་བཙེམས་ཏེ་གྱོན་ནུག། ཨཔ་རྡོ་རྗེ་གི་གོ་འདི་ལུ་ མི་རྒོད་སེམས་ཤོར་ཏེ་ མོ་ལུ་ཡང་ གོ་ཅིག་བཙེམ་གནང་ཟེར་སླབ་ནུག། དེ་ལས་ ཨཔ་རྡོ་རྗེ་གིས་ ཀོཝ་ཅིག་ཆུ་ནང་སྦང་བཏབ་བཞག་ཞིནམ་ལས་ སྦང་ཐག་ན་འཐན་ར་ཆོདཔ་ད་ ཕྱི་རུ་ཅིག་མི་རྒོད་དེ་ ཀོཝ་དེ་ནང་བཙུགས། མགུ་ཏོ་རྐྱངམ་གཅིག་ཕྱི་ཁར་བཏོན། གཞན་རྐངམ་དང་ལགཔ་ཚུ་ ཕྱི་ཁར་མ་བཏོན་པར་ སྤུས་རྩ་སྦེ་བཙེམས་ཏེ་ མེ་བསྲོ་བཅུག་བཅུགཔ་མས། ཡུདཔ་ཅིག་ཁ་ལས་ ཀོཝ་དེ་སྐམ་སུ་སྐམ་སུ་འགྱོཝ་ད་ མི་རྒོད་ཀྱི་གཟུགས་བསྡམས་ཏེ་འགྱོ་ནི་དེ་གིས་ ཚེམ་ཕྱལ་གནང་ཟེར་སླབ་ནུག། ཨཔ་རྡོ་རྗེ་གིས་ ག་ནི་ཡང་མ་སླབ་པར་ ཁོ་ར་མེ་བསྲོ་ཡི་ར་ ཙེའུ་འཐག་སྡོད་སྡོདཔ་མས། ནངས་པ་དྲོ་པ་གནམ་ནངསམ་ཅིག་ ཨཔ་རྡོ་རྗེ་གིས་ ཤ་སྐམ་དེ་ཚུ་ ག་ར་ཙེའུ་དེ་ནང་བཙུགས་སྦེ་ བྱག་ཕུག་ནང་ལས་ཐོན་ཡར་སོ་ནུག། མི་རྒོད་དེ་གིས་ སྡོད་ཟེར་བར་ ཨཔ་རྡོ་རྗེ་གིས་ཉན་མ་བཏུབ། བདའ་འགྱོ་གེ་ཟེར་བར་ ཀོཝ་ནང་ལས་སྤར་མ་ཐལ་བར་ མི་རྒོད་འདི་ དེ་ནང་ར་ལུས་སོ་ནུག། ཨཔ་རྡོ་རྗེ་འདི་ གཡུས་ཁར་ལྷོད་པའི་བསྒང་ལས་ ཁྱིམ་ནང་གི་མི་ཚུ་གིས་ ཁོ་ཤི་སོཔ་འདྲ་བས་མནོ་སྟེ་ ཁོ་གི་བསྐང་བཤགས་ཚུ་ཡང་ བཏང་ཚར་ནུག་ཟེར་ཨིན་མས། ཁོ་ཁྱིམ་ནང་འཛུལ་བའི་བསྒང་ལས་ ཨམ་ཀུན་དགའ་གིས་ ཨཔ་འདྲེ་ལུ་གྱུར་ཏེ་འོང་མས་ཟེར་ ཁྱིམ་ཚང་ཚུ་བོ་སྟེ་ ཐགཔ་གིས་བསྡམས་བཞག་ནུག། ཨཔ་འདི་གིས་ ང་མ་ཤི་ཟེར་ ག་དེམ་ཅིག་སླབ་རུང་ ཨམ་འདི་གིས་ ཁྱོད་ཤི་ཤིཝ་ཨིན། ང་བཅས་བསྐང་བཤགས་ཡང་ བཏང་ཚར་ཡི་ཟེར་སླབ་སྟེ་ ཨཔ་འདི་ ཐགཔ་གིས་བསྡམཔ་བསྡམ་ས་ར་བཞག་སྟེ་ ཉིནམ་གསུམ་འགྱོཝ་ད་ ཨཔ་འདི་ཤི་སོ་ནུག་གོ། །། སྲིནམོ་ལྦཝ་ནང་ཆུ་འབག་མི། དང་ཕུ་ ལུངམ་ཅིག་ནང་ ཨམ་ཕུད་ཏ་ཟེར་མི་ཅིག་ཡོདཔ་མས། མོ་ལུ་ལཱ་ཟེར་རུང་ ཐགས་ར་འཐག་སྡོད་དོ་ཡོདཔ་མས། ནམ་ཅིག་འབདཝ་ད་ ཉིམ་འཛུལ་རནམ་ཅིག་ཁར་ སྲིནམོ་ཅིག་གིས་ སྒང་ཏོ་མགུ་ལས་ མོ་གི་མིང་བཏོན་ཏེ་ ཨམ་ཕུད་ཏ་ཟེར་བོ་བོཔ་མས། ཨམ་ཕུད་ཏ་གིས་ དབའི་ ཁྱོད་ག་སྨོ་ཟེར་འདྲིཝ་ད་ སྲིནམོ་དེ་གིས་ ང་ ཁྱོད་ཀྱི་ཆ་རོགས་ཨིན། ད་རིས་ཕྱི་རུ་ ང་ ཁྱོད་སྡོད་སར་འཐོན་འོང་སྨ་རེ་ཟེར་སླབ་སླབ་མས། ཨམ་ཕུད་ཏ་གིས་འེང་འེ་ཟེར་སླབ་ད་ ཨམ་སྲིནམོ་འདི་གིས་ དེ་འབདཝ་ད་ ཁྱོད་ཀྱི་ཁྱིམ་ནང་ རོ་ཁྱི་སོ་བཏབ་མི་རེ་མེད་ག གླང་རྡུང་མི་རེ་མེད་ག རྟ་རྡོག་ཐེ་རྐྱབ་མི་རེ་མེད་ག བྱཔོ་མཆོ་ཏོ་རྐྱབ་མི་རེ་མེད་ག་ ཟེར་དྲིས་ནུག ཨམ་ཕུད་ཏ་གིས་ མེད་མེད་ཟེར་སླབ་ནུག། དེ་ལས་ ཨ་ཙི་ཅིག་ཁ་ལས་ སྲིནམོ་གིས་ ཨང་རྒས་ཅིག་བཟོ་སྟེ་ ཨང་རྒས་ཀྱི་ལྦཝ་ནང་ལུ་ ཆུ་ལྟེམ་ལྟེ་བཀང་སྦེ་ ཨམ་ཕུད་ཏ་གི་ ཁྱིམ་ནང་འཛུལ་ཏེ་ཐོན་འོངས་ནུག། ཨམ་ཕུད་ཏ་གིས་ཡང་ མེ་ཅིག་འཕུ་སྦེ་ དེ་ཚེ་ཕྱི་རུ་ ཨམ་འདི་དང་གཅིག་ཁར་སྡོད་ནུག། ཡུདཔ་ཅིག་ཁ་ལས་ ཨམ་ཕུད་ཏ་འདི་ ཤིང་རྫོགས་ཏེ་མེ་ཤི་ནི་འབདཝ་ད་ སྲིནམོ་དེ་གིས་ ཁ་བརྒྱངས་ཡི་ར་ མོ་གི་ལྦཝ་ནང་ཡོད་མི་ཆུ་འདི་ མེ་ནང་བླུགས། མཆེཝ་འདྲོག་སི་སི་སྟོན་ཏེ་ ཨམ་ཕུད་ཏ་ཟ་བར་ འོང་དེས་ཟེར་ཨིན་མས། ཨམ་ཕུད་ཏ་གིས་ རྫེ་ཀོ་འཐུ་ཞིནམ་ལས་ མེ་ནང་བཀོ་སྦེ་ མེ་འབརཝ་ད་ སྲིནམོ་དེ་ ལོག་སྟེ་ཁ་ཡང་བཙུམས་སྦེ་ ཨ་རྟག་ཧ་ལུགས་སྡོདཔ་མས་ཟེར་ཨིན་མས། དེ་ལས་ ཨམ་ཕུད་ཏ་འདྲོགས་ཏེ་ གཟར་རུ་དང་ཟན་སྐྱ་ བང་ཅུང་ཚུ་ཡང་ ག་ར་མེ་བཏང་སྡོད་པའི་བར་ན་ བྱཔོ་བོ་ནུག། དེ་ལས་ སྲིནམོ་དེ་གིས་ ད་རིས་ཁྱོད་རྒྱལཝ་སྦེ་བཞག ནངས་པ་ཕྱི་རུ་ཕྱད་གེ་ཟེར་སླབ་སྦེ་ཡར་སོ་ནུག། དེ་ལས་ ཨམ་ཕུད་ཏ་གིས་ འེང་འེ་ཁྱོད་ར་ ནངས་པ་ཕྱི་རུ་ཤོག་ཟེར་སླབ་ནུག། དེ་ལས་ ནངས་པ་ ཨམ་ཕུད་ཏ་འདི་ གནམ་ནངསམ་ཅིག་ དྲོ་པ་ཧ་སག་ལོངས་སྦེ་ མཛརཝ་ཡང་ཟ་ལོང་མེད་པར་ རྟ་འཚོལ། གླང་འཚོལ། བྱ་པོད་འཚོལ། རོ་ཁྱི་འཚོལ། དེ་ལས་ བྱི་ལི་ཡང་འཚོལ་སྦེ་ ཁྱིམ་ནང་བསྐྱལ་ཞིནམ་ལས་ མོ་ར་ཡང་ཤིང་ལེ་ཤ་འཐུ་སྦེ་བཞག་ནུག། དེམ་ཅིག་གི་བར་ན་ ཉིམ་འཛུལ་སོ་ནུག། དེ་ལས་ སྲིནམོ་དེ་གིས་ དོ་རུང་ཡང་སྐད་རྐྱབ་སྟེ་ཨམ་བོཝ་ད་ ཨམ་ཕུད་ཏ་གིས་ ཁྱོད་ག་སྨོ་ཟེར་འདྲིཝ་ད་ སྲིནམོ་དེ་གིས་ ང་ཁ་ཙ་འོང་མིའི་ ཆ་རོགས་ཨིན་ཟེར་སླབ་ནུག། དེ་ལུ་ཨམ་ཕུད་ཏ་གིས་ སྣང་དག་ར་མ་བསྐྱེད་པར་ ཤོག་ཤོག་ཟེར་སླབ་ནུག། དེ་ལས་ སྲིནམོ་ཡང་ ཁྱིམ་ནང་འོངས་སྦེ་ ཉིནམ་ཧེ་མམ་བཟུམ་སྦེ་ར་ ཁོང་ར་གཉིས་ མེ་སྦུག་ལུ་བཙུགས་སྦེ་ བློ་སླབ་སྟེ་སྡོད་ནུག། ཨ་ཙི་ཅིག་ཁ་ལས་ མེ་ཤི་ནི་འབདཝ་ད་ ཨམ་ཕུད་ཏ་གིས་ བྱི་ལི་བཏང་ནུག། བྱི་ལི་གིས་ སྲིནམོ་གུར་སེན་མོ་བཞར་ཏེ་ སྲིནམོ་གི་ལྦཝ་ཡང་ སྤེད་བཀོ་ད་ནུག། དེ་ལས་ བྱ་པོད་འདི་གིས་ཡང་ སྲིནམོ་གུར་མཆོ་ཏོ་རྐྱབ་སྟེ་ སྲིནམོ་གི་ལྦཝ་ཧེང་སྐལ་ར་སྤེད་དེ་ ཆུ་ག་ར་ཐོན་ཡར་སོ་ནུག། དེ་ལས་ སྲིནམོ་རྣམ་རྟོག་ལངས་ཏེ་ ཨེ་ཁུག་མགུ་ལས་འབབ་འགྱོཝ་ད་ རོ་ཁྱི་གིས་ མོའི་སྒྱིད་ཐག་གུར་སོ་བཏབ་ད་ནུག། སྲིནམོ་བྱོག་སྟེ་ ཨེ་ཁུག་རྩ་བར་ལྷོདཔ་ད་ རྟ་གིས་རྡོག་ཐེ་རྐྱབ་སྟེ་ གླང་གི་གདོང་ཁར་བཀོ། གླང་གིས་བརྡུངས་ཏེ་ སྲིནམོ་གི་ཕོཝ་སྤེད་བཏངམ་ལས་ སྲིནམོ་འདི་ ཁ་ཐུམ་མར་བསད་བཏང་ད་ནུག་གོ། མ་སྨད་གཉིས་དང་སྲིནམོ། ཧེ་མ་གཡུས་ཅིག་ནང་ ཨའི་ཅིག་དང་ བུམོ་ཅིག་སྡོད་ནུག། ཨའི་དེ་ ཨ་རྟག་ར་ ཞིང་ནང་ལཱ་འབད་བར་འགྱོཝ་ད་ བུམོ་འདི་ ཁྱིམ་ནང་ ཁྱིམ་བསྲུངས་ཏེ་བཞག་དོ་ཡོདཔ་མས། ནམ་ཅིག་འབདཝ་ད་ སྲིནམོ་ཅིག་ བུམོ་འབད་སར་འོངས་ཏེ་ སྒོ་ཕྱེ་ཟེར་སླབ་ནུག། བུམོ་དེ་གིས་ ཁྱོད་ག་སྨོ་ཟེར་འདྲིཝ་ད་ ང་ ཁྱོད་ཀྱི་ཨའི་ཨིན་ཟེར་སླབ་ནུག། སྲིནམོ་གི་སྐད་འདི་ ཨའི་གི་སྐད་དང་མ་འདྲ་ནི་དེ་གིས་ ཁྱོད་ ངེའི་ཨའི་ཨིན་ར་མེན་པས་ཟེར་སླབ་ད་ སྲིནམོ་དེ་གིས་ ཐད་རི་བ་རི་ཨིན་ཟེར་སླབ་ནུག། དེ་ལས་ བུམོ་དེ་གིས་ ངེ་གི་ཨའི་ཨིན་པ་ཅིན་ ལགཔ་སྟོན་ཟེར་སླབ་ནུག། སྲིནམོ་གིས་ལགཔ་སྟོནམ་ད་ ལགཔ་སྤུ་སོག་སོ་སྦེ་ཡོད་དོ་མས། དེ་ལས་ བུམོ་དེ་གིས་ ངེ་གི་ཨའི་ཨིན་ར་མེན་པས་ཟེར་སླབ་སྟེ་ སྒོ་ཕྱེ་མ་བཏུབ་ལས་ སྲིནམོ་ལོག་ཡར་སོ་ནུག། དེ་ལས་ སྲིནམོ་འདི་ མོ་རའི་ཁྱིམ་ནང་སོང་སྦེ་ ལགཔ་གི་སྤུ་ཀྲེག་བཏང་ད་ནུག། དེ་གི་ནངས་པ་ ཨའི་དེ་ལཱ་འབད་བར་སོངམ་ད་ ད་རུང་ སྲིནམོ་འོངས་ཏེ་ བུམོ་ལུ་ སྒོ་ཕྱེ་ཟེར་སླབ་ནུག། བུམོ་དེ་གིས་ ཁ་ཙ་བཟུམ་སྦེ་ར་ དྲིས་ཞིནམ་ལས་ ལགཔ་སྟོན་བཅུག་ནུག། ལགཔ་སྟོནམ་ད་ སྤུ་ཡང་མེད་པར་ ཨའི་གི་ལགཔ་དང་ཅོག་འཐདཔ་མཐོང་སྟེ་ སྒོ་ཕྱེས་ད་ནུག། སྒོ་ཕྱེཝ་ཅིག་ སྲིནམོ་དེ་གིས་བུམོ་དེ་འཐུ་ཞིནམ་ལས་ སྲིནམོ་གི་ཁྱིམ་ནང་འབག་ཡར་སོ་ནུག། དེ་ལས་ ཕྱི་རུ་ ཨའི་ཁྱིམ་ནང་ལྷོདཔ་ད་ བུམོ་མེད་པར་ ཨའི་བུམོ་འཚོལ་བར་སོང་ནུག། ཨའི་འདི་ བུམོ་འཚོལ་བར་འགྱོ་སའི་ལམ་ཁར་ ཧེ་མ་ར་བྱི་ལི་ཅིག་དང་ཕྱད་ནུག། བྱི་ལི་གིས་ ཨམ་ག་ཏེ་འགྱོ་ནི་སྨོ་ཟེར་འདྲིཝ་ད་ ཨམ་དེ་གིས་ ང་ བུམོ་འཚོལ་བར་འགྱོ་དོ་ཟེར་སླབ་ནུག། བྱི་ལི་དེ་གིས་ ང་གིས་ཡང་ ཆ་རོགས་སྦེ་འཚོལ་བར་འགྱོ་གེ་ཟེར་སླབ་སྟེ་ ཁོང་གཉིས་ལ་ཅིག་བརྒལ། ལུང་ཅིག་སྤུབས་སྦེ་འགྱོཝ་ད་ ཨོ་ལ་ཅིག་དང་ཕྱད་ནུག། ཨོ་ལ་གིས་ཁྱེད་གཉིས་ག་ཏེ་འགྱོ་ནི་སྨོ་ཟེར་འདྲིཝ་ད་ ཁོང་གཉིས་ཀྱིས་ བུམོ་འཚོལ་བར་འགྱོ་དོ་ཟེར་སླབ་ནུག། ཨོ་ལ་གིས་ ཁྱེད་གཉིས་འགྱོཝ་ལས་ ང་བཅས་གསུམ་འགྱོཝ་དྲག་ཟེར་ ཨོ་ལ་ཡང་ ཁོང་གཉིས་དང་གཅིག་ཁར་ བུམོ་འཚོལ་བར་འགྱོ་ནུག། ཁོང་གསུམ་ ལ་ཅིག་བརྒལ། ལུང་ཅིག་སྤུབས་འགྱོཝ་ད་ དོ་རུང་ བྱི་ཙི་ཅིག་དང་ཕྱད་ནུག། དེ་ལས་ བྱི་ཙི་གིས་ཡང་ ཆ་རོགས་འབད་གེ་ཟེར་སླབ་སྟེ་ ཁོང་བཞི་ ལ་ཅིག་བརྒལ། ལུང་ཅིག་སྤུབས་སྦེ་འགྱོཝ་ད་ སྲིནམོ་གི་གཡུས་ཁར་ལྷོད་ནུག། དེ་ལས་ དང་པ་ར་ ཨོ་ལ་གིས་ ཁྱེད་ག་ར་ནཱ་སྡོད། ང་གིས་ སྲིནམོ་གི་ཁྱིམ་ནང་ལུ་ བུམོ་ཡོད་མེད་བལྟ་གེ་ཟེར་སླབ་སྟེ་ བལྟ་བར་འགྱོཝ་ད་ བུམོ་དེ་ སྲིནམོ་གི་ཐབ་ཚང་ནང་ འོག་ལས་མེ་འཕུ། ཟངས་སྦོམ་ཅིག་ནང་ཆུ་ཚན་བསྐོལ། ལྟག་ལས་མར་ བུམོ་མགུ་མཇུག་སྦེ་ རྐང་པར་ཐགཔ་བཏགས་ཏེ་ དཔྱངས་བཞག་སྦེ་ སྲིནམོ་མོ་ར་ ཕྱི་ཁར་ ལཱ་སར་འགྱོ་ནུག་ཟེར་ཨིན་མས། དེ་ལས་ ཨོ་ལ་ལོག་འོངས་ཞིནམ་ལས་ བྱི་ཙི་གིས་ཐགཔ་བཏོག་ནི། ཨམ་གིས་བུམོ་འདི་ ཆུ་ཚན་ནང་འགྱོ་མ་བཅུག་པར་ ལགཔ་བཟེད་ནི། ཨོ་ལ་གིས་ སྲིནམོ་འོང་མི་འོང་བལྟ་ནི། བྱི་ལི་གིས་ སྲིནམོ་འོང་སའི་ལམ་ཁར་ ཞབས་ཁྲ་རྐྱབ་སྟེ་ སྲིནམོ་བསྒོར་བཞག་ནི་སྦེ་ ཁོང་རེ་རེ་གིས་ ཁག་འགན་རེ་འབག་སྟེ་ བུམོ་བཏོན་འབག་ནིའི་ བསྟུན་གྲོས་རྐྱབ་ནུག། དེ་ལས་ ཁོང་ཆ་ཁྱབ་ སྲིནམོ་གི་ཁྱིམ་ནང་སོང་སྟེ་ རང་རང་སོ་སོའི་ཁག་འགན་ཚུ་འབག་སྟེ་ ལཱ་འབད་སྡོདཔ་ད་ སྲིནམོ་ལཱ་ས་ལས་ ལོག་འོང་དེས་ཟེར་ཨིན་མས། དེ་ལས་ དང་པ་ར་ ཨོ་ལ་གིས་ཨ་ཨ་ཨོ་ཨོ་ཟེར་སྐད་རྐྱབ་སྟེ་ བརྡ་འབད་འབདཝ་མས། དེ་ལས་ བྱི་ལི་གིས་ སྲིནམོ་འོང་སའི་ལམ་བར་ན་སོང་སྟེ་ ཞབས་ཁྲ་རྐྱབ་ནུག། ཞབས་ཁྲ་གི་ཚིག་ཡང་ བྱི་ཙི་ཐགཔ་བཏོག་པའི་ལོ། འོར་འོར། འོར་འོར། ཨའི་གིས་ མར་ལས་བཤེདཝ་མས་ལོ། འོར་འོར། འོར་འོར། ཨོ་ལ་ བྱ་ལྟཝ་མས་ལོ། འོར་འོར། འོར་འོར། བྱི་ལི་སེར་ཅུང་ ང་མེན་ན། འོར་འོར། འོར་འོར། ཟེར་ཞབས་ཁྲ་དེ་སྦེ་འཐེན་སྡོདཔ་ད་ སྲིནམོ་འདི་ བྱི་ལི་གི་ཞབས་ཁྲ་ ན་འཐན་ཧན་དྲགས་ཏེ་ ཉན་ལུས་སོ་ནུག། དེ་ཅིག་གི་བར་ན་ ཨམ་དེ་གིས་ བུམོ་ཁྱིད་དེ་ ཆ་རོགས་བྱི་ཙི་དང་ སྲིནམོ་གི་ཁྱིམ་མའི་རྒྱབ་ལས་ཐོན་ཡར་སོ་ནུག དེ་གི་ཤུལ་ལས་ ཨོ་ལ་གིས་ ཨ་ཨ་ཨོ་ཨོ་ཟེར་སླབ་ད་ བྱི་ལི་གིས་ ང་ཡང་ དེ་སྦེ་སྡོད་ལོང་མེད། སྨེའུ་སྨེའུ་ཟེརཝ་ཅིག་ བརྒྱུགས་ལོག་སོང་ནུག དེ་ལས་ སྲིནམོ་ན་འཐན་ལྟོཝ་བཀྱེས་ཏེ་ཁྱིམ་ནང་ལུ་ བུམོ་ཟ་བར་འགྱོཝ་ད་བུམོ་མེད། བདའ་བར་བདའ་མ་ཟུན་པར་ ཧམ་ཐལ་ཐལ་སྦེ་ ལུས་སོ་ནུག་གོ། །། ཤ་རོགསཔ་དང་མི་རྒོད། ཧེ་མ་གཡུས་ཚན་ཅིག་ནང་ ཨཔ་དང་ཨམ་ཅིག་ཡོདཔ་མས། ཁོང་གཉིས་ལུ་ ཤ་བདའ་ནི་ལུ་ གནམ་མེད་ས་མེད་མཁས་དྲགས་འབད་མིའི་ བུ་གཅིག་ཡོདཔ་མས། ཉིནམ་ཅིག་བུ་དེ་ ཉིན་ལམ་གསུམ་དེ་ཅིག་ འགྱོ་དགོ་པའི་རི་ཁར་ཤ་བདའ་བར་འགྱོཝ་ད་ ཁོ་ར་རྐྱངམ་གཅིག་ ཕྱི་རུ་ཞག་བྱག་ཕུག་གཅིག་ནང་ལུས་སོ་ནུག། དེ་ལས་བྱག་ཕུག་ནང་འཛུལ་སྦེ་སྡོད་དེ་ ལྟོ་འབད་ཟ། མེ་བསྲོ་སྦེ་སྡོདཔ་ད་ བྱག་ཕུག་གི་ལྟག་ལས་མར་ ག་ཅི་ཨིན་ན་མ་ཤེས་པའི་རོ་ཁྱི་གི་རྐངམ་བཟུམ་ཅིག་ དེ་ར་སྟོན་དེས་ཟེར་ཨིན་མས། ཁོ་འདྲོགས་ཏེ་ ན་འཐན་ར་ལྟཝ་ད་འབད་ཚེ་ རྐང་མའི་ནང་ལུ་ ཚེར་མ་གི་རྩང་སྦོམ་ཅིག་འཛུལ་འཛུལ་བའི་རྐངམ་གཅིག་ཨིན་མས་ལོ། རྩང་དེ་ བཏོན་གནང་ཟེར་སླབ་འདྲས་མནོ་ རྩང་དེ་བཏོན་བྱིན་ད་ནུག། རྩང་བཏོན་ཚརཝ་ཅིག་ གནག་ཡོར་ཡོ་ཅིག་རླུང་མ་ར་ཧུར་བཏང་སྟེ་ ཡར་སོ་ཡི་ཟེར་ཨིན་མས། དེ་གི་ནངས་པ་ཡང་ ཤ་མ་ཐོབ་པར་ ཁོ་བྱག་ཕུག་དེ་ནང་ ཉལ་བར་འགྱོཝ་ད་ བྱག་ཕུག་ནང་ན་ ཤཝ་གཅིག་བསད་སྦེ་བསྐྱལ་བཞག་ནུག་ཟེར་ཨིན་མས། ཁོ་ཤ་མ་ཐོབ་པར་སྡོདཔ་ད་ ཀྲིག་ཀྲི་ར་བཏང་ཡི་ཟེར་མནོ་སྟེ་ ལོག་ ལྟོ་གཡོ། སྤགས་བཙོ་སྦེ་སྡོདཔ་ད་ རི་མིའི་བུམོ་ཅིག་གིས་ དོ་རུང་ ཀ་ཤ་གི་ཤ་ཅིག་འབག་སྦེ་ འོང་དེས་ཟེར་ཨིན་མས། ལྟ་མ་འབད་ཚེ་ རི་མིའི་བུམོ་དེ་ ཁ་ཙ་ཁོ་གིས་ རྩང་བཏོན་བྱིན་མི་གི་སེམས་ཅན་དེ་ཨིན་མས་ལོ། དེ་ལས་ རི་མིའི་བུམོ་དེ་གིས་ཡང་ ཁོ་དང་གཅིག་ཁར་ཉལ་བར་འོངས་ཏེ་འགྱོ་མ་བཏུབ། ཁོ་ར་འགྱོ་གེ་ཟེར་བར་ མོ་གིས་བསྒོར་བཞག་སྟེ་ གཏང་མ་བཏུབ་པར་ ཁོང་གཉིས་ གཉེན་རྐྱབ་སྡོད་དགོཔ་ཐོན་སོ་ནུག། དེ་ལས་ཁོ་གིས་རྩྭ་གི་ཁྱིམ་ཆུང་ཀུ་ཅིག་བཟོ་སྦེ་ དེ་ནང་སྡོད་དེ་ མོ་གིས་ཉིནམ་རིང་ཆད་མེད་པར་ ཤཝ་རེ་རེ་བསད་དེ་ འབག་འོངས་ཡི་ར་ཟ་སྡོད་དེ་ ཟླཝ་བདུན་དེ་ཅིག་སོངམ་ད་ རི་མིའི་བུམོ་དེ་ལུ་ཨ་ལུ་ཡང་ཆགས་ཆི་ནུག། ཉིནམ་ཅིག་འབདཝ་ད་ ཤ་རོགསཔ་གི་མནོ་བསམ་ལུ་ ད་དེ་སྦེ་ར་སྡོད་པར་མི་འཚམ་ནི་མས། ཨཔ་དང་ ཨའི་འབད་སར་ ལོག་འགྱོ་དགོ་པས་ཟེར་མནོ་སྟེ་ དེ་ཁ་ལས་ བྱོག་འགྱོ་ནིའི་ གནས་སྐབས་ཅིག་འགྱིར་ནུག། གནས་སྐབས་འདི་ ག་དེ་སྦེ་སྨོ་ཟེར་བ་ཅིན་ ཤཝ་གི་པགས་ཀོ་ སྤུ་ནང་ན་བཙུགས་བཙུགས་པའི་ ལྷམ་ཆ་གཅིག་བཙེམས་ད་རི་མིའི་བུམོ་གིས་ འདི་ག་ཅི་འབད་ནི་སྨོ་ཟེར་དྲིས་ནུག། ཤ་རོགསཔ་གིས་ ང་རྐངམ་གྱང་མས། རྐང་མར་བཙུགས་ནི་སྦེ་ཨིན་ཟེར་སླབ་ད་ མོ་གིས་ ང་ལུ་ཡང་ཆ་གཅིག་ བཙེམ་གནང་ཟེར་སླབ་ནུག། ཁོ་གིས་ ཀོཝ་གི་སྤུ་ཕྱི་ཁར་འབད་མིའི་ལྷམ་ཆ་གཅིག་བཙེམས་ཏེ་ མོ་ལུ་བྱིནམ་ད་ ག་དེ་སྦེ་བཙུགས་ནི་ཟེར་དྲིས་ནུག། ཤ་རོགསཔ་གིས་ འ་ནེ་སྦེ་བཙུགས་དགོ་ཟེར་ ལྷམ་འདི་ རི་མིའི་བུམོ་མོ་རའི་རྐངམ་དང་གཅིག་ཁར་སྦྲགས་ཏེ་ བཙེམས་བྱིན་ད་ནུག། དེ་ལས་དྲོཔ་ཅིག་ རི་མིའི་བུམོ་མོ་ར་གཉིད་ཐལ་སྡོདཔ་ད་ ཤ་རོགསཔ་གིས་བྱོག་ཡར་སོ་ནུག། མོ་ར་གཉིད་ཚོརཝ་ད་ རྨགཔ་མེད་པར་བདའ་འགྱོ་གེ་ཟེར་བར་ ཀོཝ་སྤུ་ཕྱི་ཁ་སྦེ་ རྐངམ་དང་སྦྲགས་ཏེ་བཙེམས་བཞག་ནི་དེ་གིས་ འགྱེད་ཏ་རྐྱབ་སྟེ་ བདའ་མ་ཚུགསཔ་ལས་ ཞེ་སྡང་མེ་བཟུམ་འབར་ཏེ་ ཕོ་བའི་ནང་ལས་ ཨ་ལུ་བཏོན་བཏང་སྦེ་ཕྱེད་ཀ་རྐྱབ་སྟེ་ ཕྱེད་ཀ་ཅིག་ ཡ་ཁྱོད་ར་གི་སྐལཝ་ཟེར་སླབ་སྟེ་ བཀོ་བཏང་ད་ནུག། ཕྱེད་ཀ་ཅིག་ ང་ར་གི་སྐལཝ་ཟེར་སླབ་སྦེ་ ཆོབ་ཆོབ་བཏང་སྟེ་ཟ་ད་ནུག། ཤ་རོགསཔ་དེ་ ལོག་སྟེ་ར་མ་བལྟ་བར་ རྒྱུགཔ་རྒྱུག་སར་བྱོག་ཐལ་ཏེ་ ཁོ་རའི་ཁྱིམ་ནང་ལོག་ལྷོད་ནུག་གོ། །། སྦལཔ་དང་སྟག ཧེ་མ་ ནགས་ཚལ་སྦོམ་ཅིག་ནང་ སེམས་ཅན་སྟག་ཅིག་ཡོདཔ་མས། ཉིནམ་ཅིག་སྟག་འདི་ ལྟོ་འཚོལ་བར་འགྱོ་བའི་ལམ་ཁར་ སྦལཔ་ཅིག་དང་ཕྱད་ནུག། སྦལཔ་འདི་ འདྲོགས་རུང་ མ་འདྲོགས་རྫུ་བཏབ་སྟེ་ ཨ་ཞང་སྟག་ ཁྱོད་ག་ཏེ་འགྱོ་ནི་སྨོ་ཟེར་འདྲིཝ་ད་ སྟག་གིས་ ང་ལྟོ་འཚོལ་བར་ཨིན། ཁྱོད་ཡང་ ང་དང་གཅིག་ཁར་ འགྱོ་གེ་སྨོ་ཟེར་སླབ་ད་ སྦལཔ་ཡང་ མི་འགྱོ་ཟེར་སླབ་པ་ཅིན་ ཟ་འོང་མནོ་སྟེ་ བཏུབ་ཟེར་སླབ་དགོཔ་ཐོན་སོ་ནུག། སྟག་གི་མནོ་བསམ་ལུ་ སྤང་བདེ་ས་ཅིག་ཁར་སོང་ཞིནམ་ལས་ སྦལཔ་འདི་ ཟ་དགོ་པས་ཟེར་མནོ་ནུག། དེ་ལས་ རྡོ་ལེབ་སྦོམ་ཡོད་ས་ཅིག་ཁར་ལྷོདཔ་ད་ སྟག་གིས་ང་བཅས་རྡོ་ལེབ་འདི་གུར་འཛེགས་ཏེ་ ངལ་ཅིག་ཡང་འཚོ། ཉིནམ་ཅིག་ཡང་བསྲོ་སྦེ་སྡོད་གེ་ཟེར་སླབ་ད་ སྦལཔ་འདི་ གནམ་མེད་ས་མེད་འདྲོགས་ཆི་ནུག། དེ་ནང་ ཉིནམ་བསྲོ་སྡོདཔ་ད་ སྟག་གིས་ དབའི་སྦལཔ། ངེའི་མགུ་ཏོ་ཁར་ ཤིག་ཅིག་བལྟ་ཞིག་ཟེར་སླབ་སླབ་མས། སྦལཔ་གིས་ འེང་ཟེར་སླབ་སྦེ་ ཤིག་བལྟ་སྡོདཔ་ད་ གནས་སྐབས་ཅིག་མཐོང་མཐོངམ་མས། གནས་སྐབས་འདི་ཤིག་བལྟ་རྫུ་བཏབ་སྟེ་ སྟག་གི་སྤུ་འབལ་ཡི་ར་ སྦལཔ་ཁོ་ར་གི་ཁ་དང་ཨ་སྦུ་ནང་ལས་ཡར་ ལྟིར་ལྟིརཝ་མས། དེ་ལས་ སྟག་གིས་ དབའི་སྦལཔ། ཁྱོད་ལྟོ་ག་ཅི་ར་ཟཝ་སྨོ་ཟེར་འདྲིཝ་ད་ སྦལཔ་གིས་ ང་ཐོབ་པ་ཅིན་ སེམས་ཅན་སྟག་རེ་ཟ། མ་ཐོབ་པ་ཅིན་ དོམ་དང་གཟིག་རེ་ཟཝ་ཨིན་ཟེར་ སླབ་སླབ་མས། སྟག་འདི་ དོན་ཧིང་ཡང་ ཚ་ཤུར་ཤུར་བཏང་སྟེ་ ཁྱོད་ཀྱིས་ཤོབ་མ་རྐྱབ། སྟག་འདི་ ཟ་མི་ཚུགས་ས་ཟེར་སླབ་ད་ སྦལཔ་གིས་ང་གིས་ ཧེ་མ་ཁྱོད་བཟུམ་ གསུམ་ཡང་ཟ་ཡི། གཅིགཔོ་འདི་ ཁ་ཙ་ཟ་ཚརཝ་ཅིག་ར་ཨིན་ཟེར་སླབ་སླབ་མས། དེ་ལས་ སྟག་གི་མནོ་བསམ་ལུ་ ཟ་མ་ཟ་ ཨ་ཝ་གཏང་བཅུག་པ་ཅིན་ ཤེས་མནོ་སྟེ་ ཀྭ་ལས་ ཨ་ཝ་ཅིག་གཏང་ཞིག་ བལྟ་གེ་ནོ་ཟེར་སླབ་ནུག། སྦལཔ་གིས་ ཨ་ཝ་གཏངམ་ད་ དང་པ་ར་ སེམས་ཅན་སྟག་གི་སྤུ་ཐོན་ཐོནམ་མས། སྟག་འདི་དོན་ལས་ར་ འདྲོགས་སྡོདཔ་ད་ སྦལཔ་གིས་ ཁ་ཙ་ཟ་མིའི་སྟག་གི་སྤུ་ཚུ་ ད་ལྟོ་ཡང་ ཁ་ནང་ར་ཡོད་ཟེར་སླབ་སྟེ་ ཁ་ནང་གི་སྤུ་ཚུ་ཡང་ སྟོན་བྱིནམ་ད་ སྟག་འདྲོགས་ཏེ་མཆོངས་ཡར་སོ་ནུག། སྟག་བྱོག་འགྱོ་སའི་ལམ་ཁ་ལུ་ ཀ་ཤ་ཅིག་དང་ཕྱད་ནུག། ཀ་ཤ་གིས་ དབའི་ཕོ་རྒནམ་སྟག་ ག་ཅི་སྦེ་བྱོགཔ་སྨོ་ཟེར་སླབ་ད་ སྦལཔ་གིས་ ང་ཟ་ནི་མས་མནོ་སྟེ་ བྱོགཔ་ཨིན་ཟེར་སླབ་ནུག། ཀ་ཤ་གིས་ སྦལཔ་ཆུང་ཀུ་ཅིག་གིས་ ཁྱོད་ཟ་མི་ཚུགས་ཟེར་སླབ་ད་ སྟག་གིས་ ང་རའི་མིག་ཏོ་གིས་ར་མཐོང་ཅི། ཐད་རི་བ་རི་ར་ ཟ་ཚུགས་པས་ཟེར་སླབ་ནུག། དེ་ལས་ ཀ་ཤ་གིས་ སྦལཔ་འདི་ ང་གིས་ཟ་ཚུགས་ སྦལཔ་ག་ཏེ་འདུག་ག་ བལྟ་བར་འགྱོ་གེ་ཟེར་སླབ་ད་ སྟག་གིས་སྦལཔ་འདི་ ཡར་སྤང་གི་སྦུག་ན་ར་ཡོད། ཁྱོད་ར་འགྱོ་དགོ་ན་སོང་ ང་འདི་འདྲོག་པས་ མི་འགྱོ་ཟེར་སླབ་ནུག ཀ་ཤ་གིས་ ཁྱོད་ར་འདྲོག་པ་ཅིན་ ང་བཅས་གཉིས་ཀྱི་ལགཔ་ ཡ་རེ་ གཅིག་ཁར་སྦྲགས་ཏེ་བསྡམས་སྦེ་འགྱོ་གེ་ཟེར་སླབ་ཞིནམ་ལས་ ཁོང་གཉིས་སྦལཔ་བལྟ་བར་ཡར་སོ་ནུག། དེ་ལས་ ད་ཅི་གི་སྦལཔ་ཡོད་སའི་ རྡོ་ཕུ་གི་རྩ་བར་ལྷོདཔ་ད་ སྦལཔ་གིས་ རྡོ་ཕུ་མགུ་ལས་ ལྟག་ཀོ་ཡར་སེང་སྟེ་ ང་ མར་ཤོག་ག་ ཟེར་སླབ་ད་ ལུ་ སྟག་འདྲོགས་ཏེ་ མིག་མེད་ཁ་མེད་བརྒྱུགས་ཡར་སོ་ནུག། སྟག་རྒྱུག་འགྱོཝ་ད་ ཀ་ཤ་ཡང་ གཅིག་ཁར་ ལགཔ་བསྡམས་ཏེ་ཡོད་ནི་དེ་གིས་ ཀ་ཤ་ཡང་གཅིག་ཁར་དྲུད་བདའ་ཆི་ནུག། སྟག་གིས་ ག་ཏེ་ཡང་སྡོད་མ་བཏུབ་པར་ འགྱོ་ནི་དེ་གིས་ ཡུདཔ་ཅིག་ཁ་ལས་ ཀ་ཤ་ཤི་སོ་ནུག། ཀ་ཤ་ཤི་སོ་རུང་ དོ་རུང་དྲུད་བདའ་སྟེ་ དེ་གིས་ ཡུདཔ་ཅིག་ཁ་ལས་ རུལ་ཏེ་དྲིམ་མནམ་ད་ སྟག་གིས་ དབའི་ ཀ་ཤ་ཕྱེན་དེ་ར་ མ་གཏང་ཟེར་སླབ་ནུག། སྟག་གིས་ ག་ཅི་ར་སླབ་རུང་ ཆ་རོགས་ཤི་སྟེ་ ག་ནི་ཡང་སླབ་ནི་མེདཔ་ལས་ སྟག་ཡང་ ཀ་ཤ་དྲུད་དྲུདཔ་གིས་འུ་སྡུག་ ཐང་ཆད་དེ་ ནགས་ཚལ་ནང་ན་གི་བྱག་ཕུག་ཅིག་ནང་ལྷོདཔ་ད་ སྟག་དེ་ཡང་ཤི་སོ་ནུག། དེ་ལས་ སྦལཔ་གིས་ ང་ལུ་ སྟག་གིས་ཡང་འབད་མ་ཚུགས། ང་འདི་ གནས་སྐབས་མཁས་ཤོས་ཅིག་ཨིན་མནོ་སྟེ་ སེམས་དགའ་སྟེ་ འཆམ་རྐྱབ་ཅི་ར་ མཆོངས་ཏེ་སོང་སོངམ་མས། སྦལཔ་འདི་ མཆོངས་ཡི་ར་འགྱོཝ་ད་ ཡུདཔ་ཅིག་ཁ་ལས་ བྱག་ཅིག་མགུ་ལས་བུད་སོ་ནུག། བུད་འགྱོཝ་ད་ བྱག་ཕུག་ནང་ སྟག་ཤི་སྟེ་ཡོད་མི་འདི་ ཧང་ཁར་ལྷོདཔ་ལས་ སྦལཔ་འདི་ ཡར་ལོངས་ཏེ་ལྟཝ་ད་ སྟག་ཁ་བརྒྱངས་ཏེ་སྡོད་སར་མཐོང་སྟེ་ ད་འབདན་ སྟག་གིས་ཟ་ར་ཟ་ནི་མས་མནོ་སྟེ་ འདྲོགས་པའི་ཤུགས་ཀྱིས་ སྦལཔ་ཡང་ དོན་ཧིང་སྦུག་ལས་གག་སྟེ་ཤི་སོ་ནུག་གོ། །། སྤྱང་ཀའི་བུམོ་དང་ཕྱུག་པོའི་བུམོ། ཧེ་མ་ གཡུས་ཅིག་ནང་ལུ་ སྤྱང་ཀའི་བུམོ་ཅིག་དང་ ཕྱུག་པོའི་བུམོ་ཅིག་ཡོདཔ་མས། ཁོང་གཉིས་ ག་ནི་བ་འཆམ་ཏོག་ཏོ་སྦེ་སྡོད་དོ་ཡོདཔ་མ་ཚད་ གཉིས་ཆ་ར་ཐགས་ལཱ་ལུ་ ག་ནི་ལས་མཁས་ནི་དེ་གིས་ ཉིནམ་ཨ་རྟག་ར་ ཐགས་འཐག་སྟེ་ སྡོད་དོ་ཡོདཔ་མས། དེ་འབདཝ་ད་ སྤྱང་ཀའི་བུམོ་དེ་ལུ་ བཟའ་འཐུང་ག་ནི་ཡང་མེད་པར་ རོགས་ལས་ལྷངམ་རྐྱབ་ཅི་ར་ ཟ་དོ་ཡོདཔ་མས། ཉིནམ་གཅིག་འབདཝ་ད་ ལྷངམ་རྐྱབ་སྟེ་ ཆུམ་ཕུད་ཏ་གང་འཐོབ་མི་འདི་ ཕོརཔ་ཅིག་ནང་བཀང་བཞག་སྦེ་ ཐགས་འཐག་སྡོདཔ་ཅིག་གི་བར་ན་ བྱ་ཐི་ལི་རྒྱལམོ་གིས་ ཆུམ་གྱི་ཕོརཔ་འདི་ འཐུ་འབག་ཡར་སོ་ནུག། དེ་ལས་ བུམོ་དེ་གིས་ ང་ལུ་ཡོད་རུང་མེད་རུང་ ཟ་ནི་གི་ཆུམ་འདི་དང་ ཆུམ་འདེགས་ནི་གི་ཕོརཔ་འདི་ར་ཨིན། ཆུམ་འདི་ཟ་རུང་ ཕོརཔ་འདི་ལོག་གནང་ཟེར་སླབ་སླབ་མས། བྱ་ཐི་ལི་རྒྱལམོ་གིས་ ཁྱོད་ར་ཕོརཔ་དགོ་པ་ཅིན་ ངེའི་རྟིང་ཤུལ་བདའ་སྟེ་ཤོག་ཟེར་སླབ་ནུག། དེ་ལས་ མོ་ཡང་ བྱའི་རྟིང་ཤུལ་བདའ་སོངམ་ད་ ཡུདཔ་ཅིག་ཁ་ལས་ ཁྱིམ་སྦོམ་ཅིག་མཐོང་ནུག། བུམོ་དེ་གིས་ ནཱི་ཁ་ལུ་ཁྱིམ་སྦོམ་ཅིག་ཡང་འདུག་ཟེར་སླབ་ད་ བྱ་ཐི་ལི་རྒྱལམོ་གིས་ འདི་ ངེའི་ཁྱིམ་ཨིན་ཟེར་སླབ་སྦེ་ ཁྱིམ་མའི་ཐོག་ཁ་ལས་ཕར་འཛུལ་སོ་ནུག། ཁྱིམ་གྱི་ཐོག་ཁར་འཛེག་ནིའི་ཨེ་ཁུག་ཡང་ ཤིང་གི་གཅིག་དང་ གསེར་གྱི་གཅིག་སྦེ་ གཉིས་འདུག་ཟེར་ཨིན་མས། བྱ་ཐི་ལི་རྒྱལམོ་གིས་ ཁྱིམ་མའི་ཐོག་ཁ་ལས་མར་ བུམོ་ཁྱོད་ ཨེ་ཁུག་གཉིས་ལས་ ག་འདི་མགུ་ལས་འཛེག་ནི་སྨོ་ཟེར་འདྲིཝ་ད་ བུམོ་གིས་ ང་སྤྱང་ཀ་ཨིནམ་ལས་ ཤིང་གི་ཨེ་ཁུག་མགུ་ལས་འཛེག་ནི་ཟེར་སླབ་སྟེ་ ཐོག་ཁར་འཛེགས་འགྱོ་ནུག། ཐོག་ཁར་ལྷོདཔ་ད་ རྒྱུ་ནོར་ལོངས་སྤྱོད་ གནམ་མེད་ས་མེད་བཀྲམ་སྟེ་འདུག་ཟེར་ཨིན་མས། བྱ་ཐི་ལི་རྒྱལམོ་གིས་ བུམོ་ཁྱོད་ར་ ག་དགོཔ་ཅིག་འཐུ་འབག་ཟེར་སླབ་ད་ མོ་ག་ནི་ཡང་འཐུ་མ་ཚུགས་པའི་བར་ན་ ཐི་ལི་རྒྱལམོ་གིས་ཨ་ནཱི་གཟེབམ་འདི་འབག་སོང་། ཁྱིམ་ནང་མ་ལྷོད་ཚུན་ཚོད་ ཁ་ར་མ་ཕྱེ་སྨ་རེ་ཟེར་ སླབ་སྟེ་བཏང་ད་ནུག། དེ་ལས་བུམོ་དེ་གིས་ གཟེབམ་འདི་འབག་སྟེ་ ཁྱིམ་ནང་ལྷོདཔ་ཅིག་ ཁ་ཕྱེ་ལྟཝ་ད་ བཀབ་གོ་ལ་ སྐེ་ཆ་དང་རྒྱན་ཆ་ ཟ་ནི་འཐུང་ནི་ག་ར་ལྷམ་ཚངམ་སྦེ་ འདུག་ཟེར་ཨིན་མས། དེ་ལས་ སྤྱང་ཀའི་བུམོ་འདི་སེམས་དགའ་སྟེ་ དེ་གི་ནངས་པ་ དཀྱི་ར་གསརཔ་དཀྱིས་ སྐེ་ཆ་དང་རྒྱན་ཆ་བཏགས་སྦེ་ ཕྱུག་པོའི་བུམོ་འབད་སར་སོང་ནུག། ཕྱུག་པོའི་བུམོ་གིས་ དབའི་ཆ་རོགས་ ད་རིས་ ཁྱོད་ངོ་ར་མ་ཤེསཔ་བཟོ་སྟེ་འོངས་ནུག དཀྱི་ར་དེ་ཚུ་ག་ཏེ་ལས་ཐོབ་ཅི་ཟེར་འདྲིཝ་ད་ སྤྱང་ཀའི་བུམོ་གིས་ ཁ་ཙ་གི་ལོ་རྒྱུས་ག་ར་ཕྲང་སྟེ་ སླབ་ད་ནུག། དེ་ལས་ ཕྱུག་པོའི་བུམོ་དེ་ སེམས་ཤོར་ཏེ་ དེ་གི་ནངས་པ་ མོ་གིས་ཡང་ ཆུམ་ཕུད་ཏ་གང་ ཕོརཔ་ཅིག་ནང་བཀང་སྦེ་བཞག་སྟེ་ ཐགས་འཐག་སྡོད་སྡོདཔ་མས། ཡུདཔ་ཅིག་ཁ་ལས་ བྱ་ཐི་ལི་རྒྱལམོ་ཅིག་འོངས་སྦེ་ མོའི་ཆུམ་མའི་ཕོརཔ་ཡང་ འཐུ་འབག་ཡར་སོ་ནུག། ཕྱུག་པོའི་བུམོ་དེ་ཡང་ སེམས་དགའ་སྟེ་ བྱའི་རྟིང་ཤུལ་བདའ་འགྱོཝ་ད་ ཁྱིམ་དེ་ནང་ལྷོད་ནུག། བྱ་ཐི་ལི་རྒྱལམོ་གིས་ མོ་ལུ་ཡང་ ཨེ་ཁུག་གཉིས་ལས་ ག་འདི་མགུ་ལས་འཛེག་ནི་སྨོ་ཟེར་འདྲིཝ་ད་ ང་ཕྱུགཔོ་འབད་ནི་དེ་གིས་ གསེར་གྱི་ཨེ་ཁུག་མགུ་ལས་འཛེག་ནི་ཟེར་སླབ་སྟེ་ ཐོག་ཁར་སོངམ་ད་ མོ་ལུ་ཡང་ཙེ་གཟེབམ་ཅིག་བྱིན་སྦེ་ ཁྱིམ་ནང་མ་ལྷོད་ཚུན་ཚོད་ ཁ་མ་ཕྱེ་ཟེར་སླབ་བཏང་ནུག། མོ་ཁྱིམ་ནང་ལྷོད་དེ་ ཁ་ཕྱེ་ལྟཝ་ད་ སྦུལ་སྦོམ་ འདྲོག་སི་སི་གཅིག་ཐོན་འོངསམ་ལས་ མོ་བཀབ་གོ་འཐོབ་ནི་ཕར་བཞག་འདྲོགས་པའི་ཤུགས་ཀྱིས་ མོ་ར་སྲོག་བཅད་དེ་ཤི་སོ་ནུག་གོ། །། ཤཝ་དང་ཨོ་ལ། ཧེ་མ་ ཨོ་ལ་ཅིག་དང་ཤཝ་ཅིག་ ལྟོ་ཚང་བསྡོམས་ཏེ་ བཤལ་བར་འགྱོ་ནུག། ཡུདཔ་ཅིག་ཁ་ལས་ ཆོ་ག་གཏང་སའི་ཁྱིམ་ཅིག་ནང་ལྷོདཔ་ད་ ཨོ་ལ་གིས་ ཤཝ་ཁྱོད་ར་ སྤང་ནང་རྩྭ་ཟ་སྟེ་སྡོད། གཞན་གྱིས་ ག་ཅི་ར་སླབ་རུང་ རོགས་ཀྱི་ཁ་ལུ་མ་ཉན་པར་ ནཱ་ར་སྡོད་སྨ་རེ། ང་གིས་ཆོ་ག་གཏང་ས་ལས་ ལྟོ་རེ་འཐོབ་མི་འཐོབ་ བལྟ་གེ་ཟེར་སླབ་སྟེ་ཡར་སོ་ནུག ཡུདཔ་ཅིག་ཁ་ལས་ ཤཝ་སྡོད་སར་ འ་དོམ་ཅིག་འོངས་ཏེ་ དབའི་ཤཝ་ ཁྱོད་ག་ཅི་འབདཝ་སྨོ་ཟེར་འདྲིཝ་ད་ ཤཝ་དེ་གིས་ ངེའི་ལྟོ་ཚང་ཨོ་ལ་ལུ་སྒུག་སྡོདཔ་ཨིན་ཟེར་སླབ་ནུག། འ་དོམ་གྱིས་ རོགས་ཨོ་ལ་འདི་ནི་ གནམ་ཁ་ལས་འཕུར་འགྱོ་མི་ཅིག་ཨིན་མས། ཁྱོད་ནི་ས་ཁ་ལས་འགྱོ་མི་ཅིག་ཨིན་མས། ཁོ་ལུ་སྒུག་སྡོད་དེ་ག་ཅི་འབད་ནི། དེ་བ་འདི་ ང་བཅས་ར་ ས་ཁ་ལས་འགྱོ་མི་གཉིས་ ལྟོ་ཚང་སྦེ་བསྡོམ་སྟེ་འགྱོ་གེ་ཟེར་སླབ་ནུག། ཤཝ་འདི་ཡང་ ཨིན་ར་ཨིནམ་འདྲས་མནོ་སྟེ་ ཁོང་གཉིས་ འདི་ཁ་ལས་ཡར་སོ་ནུག། ཤཝ་དང་ འ་དོམ་འགྱོ་སའི་ལམ་ རོགས་ཀྱིས་ཀར་བཏབ་བཞག་བཞགཔ་ཅིག་ཁར་ལྷོདཔ་ད་ འ་དོམ་གྱིས་ ཁྱོད་ར་ཀར་ཟ་སྡོད། ང་གིས་ ཞིང་གི་ཇོ་བདག་འོང་མི་འོང་བལྟ་གེ་ཟེར་སླབ་ནུག། འ་དོམ་གྱི་མནོ་བསམ་ལུ་ ཀར་ཞིང་ཇོ་བདག་འདི་གིས་ ཤཝ་འདི་གསད་ཚུགས་པ་ཅིན་ ཁོ་གི་རྒྱུ་མ་ནང་ཁྲོལ་ཚུ་ ང་ར་ཟ་ནི་འཐོབ་མནོ་སྟེ་ ཞིང་གི་ལྟག་ལས་ཕར་སོང་ཞིནམ་ལས་ ཤཝ་གིས་སྐད་རྐྱབ་དོ་བཟུམ་སྦེ་སྐད་རྐྱབ་སྡོད་སྡོདཔ་མས། ཞིང་གི་ཇོ་བདག་འདི་གིས་ ངེའི་ཞིང་ནང་ སེམས་ཅན་འཛུལ་སོཔ་འདྲས་མནོ་སྟེ་ ཞིང་ནང་བལྟ་བར་འགྱོཝ་ད་ ཤཝ་འདྲ་མེད་སྒྲིག་མེད་ཅིག་གིས་ ཀར་ཚུ་ག་ར་ཟ་ཚར་ནི་འབད་དེས་ཟེར་ཨིན་མས། ཨཔ་དེ་གིས་ ཤཝ་གསད་ནི་འབདཝ་ད་ ཤཝ་གིས་མཆོངས་འགྱོཝ་ད་ བདའ་མ་ཟུན་པས། ཨཔ་འདི་གིས་ ཁྱད་མེད། ཁྱད་མེད། ཤཝ་ཁོ་ཁ་བརྙོགས་ཏེ་ ནངས་པ་ཡང་འཐོན་འོང་། དེ་བསྒང་ ཕྱད་གེ་ནོ་ཟེར་སླབ་སྦེ་ ཧིང་བཀལ་བཞག་ད་ནུག། འ་དོམ་གྱིས་ ཧིང་བཀལ་བཞག་སར་མཐོང་སྟེ་ འདི་གི་ནངས་པ་ཡང་ ཤཝ་དེ་ལུ་ ཁྱོད་ར་ཀར་ཟ་བར་ ཁ་ཙ་འགྱོ་ས་ལས་ར་འགྱོ་སྨ་རེ་ཟེར་སླབ་ད་ ཤཝ་འདི་གིས་ འེང་འེ་ཟེར་སླབ་སྦེ་སོང་ནུག། ཤཝ་འདི་འདི་འཕྲོ་ལས་ར་ཧིང་ནང་ཚུད་སོངམ་ལས་ཁོ་རེ་ ལྟོ་ཚང་འ་དོམ། ངེའི་ཨོལ་ཀོ་ཁ་ལས་ཐགཔ་འདི་བཏོག་གནང་ཟེར་སླབ་ད་ འ་དོམ་གྱིས་ རོགས་ཀྱི་ཀར་ཟ་མི་འདི་ནི་ ཁྱོད་ར་ཨིན་མས། ཁྱོད་ཀྱི་ཨོལ་ཀོ་ཁ་གི་ཐགཔ་འདི་ ང་གིས་བཏོག་མི་ཚུགས་ཟེར་སླབ་སྟེ་ ཤཝ་ནང་དོག་སྟེ་སྡོད་པའི་བར་ན་ར་ ཨོ་ལ་འདི་ལྷོད་ནུག། ཨོ་ལ་གིས་ ང་གིས་ ཁ་ཙ་ལས་ར་ རོགས་ཀྱི་ཁ་ལུ་མ་ཉན་ཟེར་སླབ་ཅི་མེན་ན་ ང་ལུ་ག་ཅི་སྦེ་ བསྒུགས་མ་སྡོདཔ་སྨོ་ཟེར་སླབ་ད་ཤཝ་གིས་ ལྟོ་ཚང་ཁྱོད་ར་རང་བདེན་ ད་ང་ལུ་གྲོགས་རམ་འབད་གནང་ཟེར་སླབ་ནུག། དེ་ལས་ ཨོ་ལ་གིས་ ང་ལུ་གནས་སྐབས་ཅིག་ཡོད། ད་ཁྱོད་ར་མ་སྤར་བར་ཙང་ཙ་སྦེ་སྡོད། དེ་ལས་ ང་གིས་ཨ་ཨ་ཟེར་སླབ་ད་ ཤི་རྫུ་བཏབ་སྡོད་སྨ་རེ་ཟེར་སླབ་ནུག། ཨོ་ལ་ཤིང་གུར་འཛེགས་ཏེ་བལྟ་སྡོདཔ་ད་ ཡུདཔ་ཅིག་ཁ་ལས་ ཨཔ་འདི་འོངམ་ད་ ཨོ་ལ་གིས་མཐོང་སྟེ་ཨ་ཨ་ཟེར་སླབ་ད་ ཤཝ་འདི་གིས་ ཤི་ཤིཝ་བཟུམ་བཟོ་སྡོད་ནུག། ཨཔ་འདི་ནི་ ཤཝ་མཐོངམ་ཅིག་ ད་རིས་ངེའི་ཨམ་སྲུ་ཨ་ལུ་སྐྱེ་ནི་ཡོད། མོ་ལུ་བྱིན་ནིའི་སྨན་རྫས་འཚོལ་མ་ཐོབ་པར་སྡོད་པའི་བསྒང་ ཀྲིག་ཀྲི་ར་བཏང་ཡི། ཤཝ་འདི་ཤི་སྡོད་ནུག་ཟེར་སླབ་སྦེ་ དཔའ་རྟགས་འབལ་ཏེ་ ཧིང་བཏོགས་བཏངམ་ཅིག་ ཤཝ་དེ་གིས་ ཐེངས་ཕོག་ཅིག་ནང་མཆོངས་ཡར་སོ་ནུག། ཨཔ་འདི་གིས་ ཤཝ་གི་རྟིང་བདའ་སྟེ་དཔའ་རྟགས་གཡུགས་བཀོཝ་ད་ འ་དོམ་ཕར་ལས་བལྟ་སྡོདཔ་ཁ་ཐུག་རྐྱབ་སྟེ་ དཔའ་རྟགས་འ་དོམ་གྱི་ཐོད་པའི་གུར་ཕོག་སྦེ་ འ་དོམ་ཐོདཔ་གཉིས་བཀག་རྐྱབ་སྟེ་ཤི་སོ་ནུག། དེ་ལས་ ཨོ་ལ་དང་ཤཝ་གཉིས་ ཧེ་མ་བཟུམ་ར་ དགའ་ཏོག་ཏོ་སྦེ་གཅིག་ཁར་ སྡོད་ནུག་གོ། །། བྱའི་སྐད་ཧ་གོ་མི། དང་ཕུའི་དུས་ལུ་གཡུས་པདྨ་ཅན་ཟེར་མི་ཅིག་ཡོདཔ་མས། དེ་ནང་ལུ་ རྒྱལ་པོའི་སྲས་ཅིག་དང་ ཕྱུག་པོའི་བུ་ཅིག་ སྤྱང་ཀའི་བུ་ཅིག་ ལྟོ་ཚང་འཆམ་ཏོག་ཏོ་སྦེ་སྡོད་དོ་ཡོདཔ་མས། གཡུས་འདི་གི་རི་མགུ་ལུ་མཚོ་སྦོམ་ཅིག་ཡོདཔ་མས། ལོ་ཨ་རྟག་ར་ ལྕང་ལཱ་རྐྱབ་ནིའི་དུས་ཚོད་རནམ་ད་ མཚོ་དེ་ནང་གི་ སྦུལམོ་ཆེ་གི་ལྟོ་སྦེ་མི་རེ་གི་སྲོག་མ་བྱིན་པ་ཅིན་ ཆུ་བཀག་སྟེ་གཏང་མི་བཏུབ་དོ་ཡོདཔ་མས། ཚར་ཅིག་འབདཝ་ད་ སྦུལམོ་ཆེ་གི་ལྟོ་སྐོར་ སྤྱང་ཀའི་བུཚ་འདི་ལུ་ཕོག་ཆི་ནུག། སྤྱང་ཀའི་བུ་འདི་ ནངས་པ་སྦུལ་གྱི་ལྟོ་སྦེ་འགྱོ་ནི་ཟེར་བའི་ཕྱི་རུ་ སྡུག་བསྔལ་དང་ཚ་གྱང་སྦོམ་ཕོག་སྟེ་ ཞག་ར་མ་ཉལ་བར་ དཀོན་མཆོག་ལུ་གསོལཝ་བཏབ་སྟེ་སྡོད་ནུག། ནངས་པ་དྲོ་པ་ཧ་སག་ལོངས་སྦེ་ ལྟོ་མཛར་བཅིངས་ཏེ་འགྱོ་ནི་འབདཝ་ད་ ལྟོ་ཚང་རྒྱལ་པོའི་སྲས་དང་ ཕྱུག་པོའི་བུ་ཡང་ ཁོ་དང་གཅིག་ཁར་འགྱོ་ནི་ཟེར་སླབ་ནུག། སྤྱང་ཀའི་བུཚ་གིས་ ང་ཡར་སྦུལམོ་ཆེ་གི་ལྟོ་སྦེ་འགྱོཝ་ཨིན། ཁྱེད་གཉིས་ ང་དང་གཅིག་ཁར་འབྱོན་མི་དགོ། ལྟ་མ་ སྦུལམོ་ཆེ་གིས་ ང་ཟཝ་ད་ ཁྱེད་ར་གཉིས་ཡང་ཟ་འོང་། དེ་བ་འདི་ ཁྱེད་ར་གི་ཨཔ་དང་ཨའི་ཚུ་དང་གཅིག་ཁར་ དགའ་ཏོག་ཏོ་སྦེ་སྡོད་ཟེར་སླབ་རུང་ ཉན་མ་བཏུབ་པར་ ཁོང་གཉིས་ཡང་ གཅིག་ཁར་སོང་ནུག། དེ་ཚེ་ཕྱི་རུ་ ཁོང་གསུམ་ཤིང་སྦོམ་ཅིག་གི་རྩ་བར་ལྷོདཔ་ད་ གནམ་བསྲོ་སྟེ་ ཞག་ཤིང་འདི་གི་རྩ་བར་སྡོད་ནུག། སྤྱང་ཀའི་བུཚ་འདི་ གཉིད་ར་ལོག་མ་བཏུབ་པར་ ག་ཏེ་གུ་ཏེ་གི་མནོ་བསམ་ར་བཏང་སྦེ་སྡོད་སྡོདཔ་མས། དེམ་ཅིག་གི་བར་ན་ར་ ཁོ་ཉལ་སའི་ཤིང་གི་སྤྱི་ཏོག་ཁ་ལུ་བྱ་གཉིས་བློ་ཅིག་ ན་འཐན་ར་སླབ་དེས་ཟེར་ཨིན་མས། སྤྱང་ཀའི་བུ་དེ་གིས་ བྱ་སྐད་གོ་དོ་ཡོདཔ་ལས་ ཁོ་གིས་ལེགས་ཤོམ་སྦེ་ཉན་སྡོདཔ་ད་ བྱ་གཉིས་ཀྱི་བློ་འདི་ སྤྱང་ཀའི་བུཚ་འདི་ནི་ནངས་པ་ སྦུལམོ་ཆེ་གིས་ཟ་ད་འོང་། གཞན་ཁོ་ར་ཤི་མ་དགོ་པའི་ཐབས་ཅིག་ཡོད་པ། འདི་ནི་ཁོ་གིས་མི་ཤེས། སྡི་ཆེ་བས་སྨོ་ཟེར་སླབ་དེས་ཟེར་ཨིན་མས། དེ་ལས་ བྱ་གཞན་མི་འདི་གིས་ ཐབས་ཤེས་ག་ཅི་ར་ཡོད་ག་ཟེར་འདྲིཝ་ད་ བྱ་གཞན་མི་འདི་གིས་ ཨ་ནཱ་ལས་ཡར་འགྱོཝ་ད་ བྱག་དཀརཔོ་དང་ གནགཔོ་སེརཔོ་གསུམ་ཡོད། བྱག་དཀརཔོ་ལུ་བྱམོ་དཀརཔོ་ཅིག་དང་ བྱག་གནགཔོ་ལུ་བྱམོ་གནགཔོ་ཅིག་ བྱག་སེརཔོ་ལུ་བྱམོ་སེརཔོ་ཅིག་ཕུལ་སྦེ་ ཞག་བྱག་གི་རྩ་བར་ཉལ་བ་ཅིན་ དྲོ་པ་ལོངམ་ད་ དཔའ་རྟགས་རིངམོ་ཅིག་ བྱག་གི་རྩ་བར་བསྐྱལ་བཞག་འོང་། དཔའ་རྟགས་འདི་གིས་སྦུལམོ་ཆེ་འདི་ གསད་ཚུགསཔ་ཨིན་ཟེར་སླབ་དེས་ཟེར་ཨིན་མས། དེ་ལས་ སྤྱང་ཀའི་བུཚ་འདི་ བློ་བདེ་སྟེ་ དྲོ་པ་ལོངས་ཞིནམ་ལས་ ཆ་རོགས་ཚུ་ལུ་ ལོ་རྒྱུས་དེ་ཚུ་ག་ར་སླབ་ནུག རྒྱལ་པོའི་སྲས་འདི་གིས་བྱམོ་དཀརཔོ་ཅིག་འབག ཕྱུག་པོའི་བུ་དེ་གིས་བྱམོ་གནགཔོ་ཅིག་འབག ཁོ་ར་གིས་བྱམོ་སེརཔོ་ཅིག་འབག་སྦེ་སོང་ཞིནམ་ལས་ བྱག་དཀརཔོ་ལུ་བྱམོ་དཀརཔོ་ཕུལ། བྱག་གནགཔོ་ལུ་ བྱམོ་གནགཔོ་ཕུལ། བྱག་སེརཔོ་ལུ་ བྱམོ་སེརཔོ་ཕུལ་སྦེ་ ཞག་འདི་ནང་ར་ཉལ་སྡོད་ནུག། དེ་ལས་ དྲོ་པ་ལོངམ་ད་ དཔའ་རྟགས་གཅིག་ སྤྱང་ཀའི་བུཚ་གི་མགུ་ཏོ་དང་ཐད་ཕྲང་སྟེ་ར་ བཞག་ནུག་ཟེར་ཨིན་མས། དཔའ་རྟགས་འདི་ ཁོ་གིས་འཐུ་འབག་སྦེ་ ཡར་མཚོའི་མཐའ་མར་ལྷོདཔ་ད་ མཚོའི་མཐའ་མ་ལུ་ སྦུལམོ་ཆེ་སྦོམ་ཅིག་ན་འཐན་གཉིད་ཐལ་སྡོད་ནུག་ཟེར་ཨིན་མས། དེ་ལས་ དང་པ་ར་ རྒྱལ་པོའི་སྲས་ཀྱིས་ ད་འབདན་ སྦུལམོ་ཆེ་གི་ལྟག་ཀོ་ བཏོག་གཏང་གེ་ནོ་ཟེར་སླབ་སྟེ་ བཏོག་པར་འགྱོཝ་ད་ བཏོག་མ་ཚུགས་པས། དེ་ལས་ ཕྱུག་པོའི་བུ་གིས་ བཏོག་གེ་ནོ་ཟེར་སླབ་སྟེ་ བཏོག་པར་འགྱོ་རུང་ ཁོ་གིས་ཡང་ བཏོག་མ་ཚུགས་པར་ སྦུལམོ་ཆེ་འདི་ གཉིད་ཚོར་ཏེ་ལོང་དེས་ཟེར་ཨིན་མས། དེ་ལས་ སྤྱང་ཀའི་བུ་དེ་གིས་ སྨོན་ལམ་བཏབ་སྟེ་ དཔའ་རྟགས་ཐེངས་ཕོག་གཅིག་རྐྱབ་ཅིག་ སྦུལམོ་ཆེ་གི་ སྐེ་བཏོགས་བཏང་དཔ་ལས་ ཁོང་ལྟོ་ཚང་གསུམ་ ཤི་མ་དགོཔ་མ་ཚད་ དེ་ལས་ཚུར་ མཚོ་དེ་ནང་ མི་གི་སྲོག་ཡང་ བྱིན་མ་དགོ་པར་ ཆུ་ཨ་རྟག་ར་ རྒྱུན་ཆད་མེད་པར་ཐོབ་ནུག། དེ་ལས་ ཁོང་གསུམ་གཡུས་ཁར་ལོག་འགྱོཝ་ད་ ཡུལ་པདྨ་ཅན་གྱི་མི་ཚུ་ ག་ར་གིས་ ཁོང་གསུམ་ལུ་ དགའ་ཚོར་འབད་དེ་ ལེགས་ཤོམ་འབད་བྱིནམ་མ་ཚད་ རྒྱལ་པོའི་སྲསམོ་དེ་ཡང་ སྤྱང་ཀའི་བུ་ལུ་གནང་སྟེ་ སྤྱང་ཀའི་བུ་དེ་ཡང་ མི་ཚེ་གང་དགའ་ཏོག་ཏོ་སྦེ་སྡོད་ནི་ཐོབ་ནུག་གོ། །། སྤྱང་ཀའི་བུ་དང་ཉའི་བུམོ། དང་ཕུ་ རྒྱ་མཚོ་སྦོམ་ཅིག་དང་ ཐག་མ་རིངམོ་ཅིག་གི་གཡུས་ཅིག་ནང་ དྭཝ་བུཚ་ཅིག་ཡོདཔ་མས། ཁོ་ལུ་ ཕམ་སྤུན་ཆ་ཡང་ ག་ཡང་མིན་འདུག། ཁོ་ལུ་ ཟ་ནི་དང་འཐུང་ནི་ཚུ་ཡང་ ག་ནི་ཡང་མེདཔ་ཨིན་མས། ཁོ་ལུ་ ཡོད་རུང་མེད་རུང་ གླང་ཅིག་ཡོདཔ་ཨིན་མས། ནམ་ཅིག་འབདཝ་ད་ ཁོ་ཞིང་ཁར་ གླང་རྨོ་སྟེ་སྡོདཔ་ད་ ག་ལས་འོང་གུ་ལས་འོངམ་མ་ཤེས་པར་ ཉ་ཅིག་ཐོན་འོངས་ཏེ་ དྭཝ་བུཚ་ལུ་བལྟ་སྟེ་ ད་རིས་འབདན་ང་ལུ་ སྲོག་སྐྱབས་ཅིག་འབད་གནང་ཟེར་སླབ་ནུག། དྭཝ་བུཚ་གིས་ སྲོག་སྐྱབས་ག་དེ་སྦེ་འབད་ནི་ཟེར་འདྲིཝ་ད་ ཉ་གིས་ ཁྱོད་ཀྱི་ཤལཝ་དེ་ཡར་འཐུ། ང་ ཤལཝ་གི་འོག་ལུ་འཛུལ་སྡོད་གེ་ཟེར་སླབ་ལས་ དྭཝ་བུཚ་གིས་ཡང་ ཤལཝ་ཡར་འཐུ་སྦེ་ འཛུལ་བཅུག་ནུག། དེམ་ཅིག་གི་བར་ན་ ཉ་རོགསཔ་ དྲྭཝ་དང་རྐོ་མ་འབག་མི་ཅིག་ དྭཝ་བུཚ་གླང་རྨོ་སར་ལྷོད་ནུག། ཉ་རོགསཔ་དེ་གིས་ དྭཝ་བུཚ་ལུ་ ནཱ་ལས་ཕར་ ཉ་ཅིག་ཐོན་འོང་སར་ མ་མཐོང་ག་ཟེར་འདྲིཝ་ད་ དྭཝ་བུཚ་གིས་ ང་ གླང་རྨོ་སྟེ་ར་སྡོད་ཅི། ཉ་ག་དེ་སྦེ་ མཐོང་ནི་ཟེར་སླབ་ད་ ཉ་རོགསཔ་དེ་ ཙིགཔ་ཟ་སྟེ་ ལོག་ཡར་སོ་ནུག། དེ་ལས་ ཉ་དེ་ཕྱི་ཁར་ཐོན་སྦེ་ དྭཝ་བུཚ་ལུ་ ད་རིས་ ཁྱོད་མེད་པ་ཅིན་ ང་ཤི་ནི་གུར་ཐུག་ཅི། ཁྱོད་ཀྱིས་ ང་ལུ་སྲོག་སྐྱབས་འབད་མི་འདི་ལུ་ ག་ནི་བ་བཀའ་དྲིན་ཆེ་ཡི། ད་ ཁྱོད་ལུ་དྲིན་ལན་ཅིག་འཇལ་དགོ་པས་ ངེའི་ ཁྱིམ་ནང་འགྱོ་གེ་ཟེར་སླབ་ནུག། དྭཝ་བུཚ་གིས་ཡང་ བཏུབ་ཟེར་སླབ་སྟེ་འགྱོཝ་ད་ རྒྱ་མཚོའི་སྦོ་ལོགས་ཁར་ལྷོད་ནུག། ཁྱོད་ཀྱི་ཁྱིམ་ག་ཏེ་སྨོ་ཟེར་འདྲིཝ་ད་ ཉ་གིས་ ངེའི་ཁྱིམ་འདི་ རྒྱ་མཚོ་འདི་ནང་ཨིན་ཟེར་སླབ་ནུག། དྭཝ་བུཚ་གིས་ ང་གིས་ རྒྱ་མཚོ་ནང་འཛུལ་མི་ཚུགས་ཟེར་སླབ་ད་ ཉ་དེ་གིས་ ཁྱོད་ར་མིག་ཏོ་བཙུམས་སྦེ་ དཀོན་མཆོག་གསུམ་དཔྱལཝ་གུར་བཀལ་ཏེ་ ངེ་གི་མཇུག་མ་གུར་བཤེད་ཟེར་སླབ་ནུག དྭཝ་བུཚ་ཡང་ ཉ་གིས་སླབ་དོ་བཟུམ་སྦེ་ར་འབད་དེ་ རྒྱ་མཚོ་ནང་འཛུལ་སོ་ནུག། ཡུདཔ་ཅིག་ཁ་ལས་ མིག་ཏོ་བརྒྱངས་ལྟཝ་ད་ གསེར་ཨིན་ན་དངུལ་ཨིན་ན་ མ་ཤེས་པའི་རྫོང་ཅིག་ནང་ལྷོད་ནུག་ཟེར་ཨིན་མས། ཉ་གིས་ རྫོང་དེ་ནང་ལུ་ འགྱོ་གེ་ཟེར་ཁྱིད་དེ་ རྫོང་ནང་ལུ་ལྷོདཔ་ད་ རྒྱལཔོ་གིས་ དྭཝ་བུཚ་ལུ་ ཁྱོད་ཀྱིས་ ངེ་གི་ བུམོ་ལུ་སྲོག་སྐྱབས་འབད་མི་དེ་ལུ་ ག་ཅི་དེ་ བཀྲིན་ཆེ་ཟེར་གསུངས་ནུག། དེ་ལས་ རྒྱལཔོ་གིས་ ད་ ཁྱོད་ར་ག་ཅི་དགོཔ་ཅིག་ ང་ལུ་སླབ་ཟེར་གསུངམ་ད་ ཁོ་ལུ་དགོ་པའི་གླང་རྨོ་ནིའི་ཅ་ལ་ག་ནི་ཡང་མ་མཐོངམ་ལས་ ག་ནི་ཡང་མི་ཞུ་ཟེར་སླབ་སྟེ་ དེ་ཚེ་ དེམ་ཅིག་སྦེ་ལུས་སོ་ནུག། ནངས་པ་དྲོ་པ་ ཁོ་ལོངས་སྦེ་ཆབ་གསང་འགྱོཝ་ད་ ཨ་རྒས་ཅིག་དང་ཕྱད་དེ་ གཏམ་ལོ་རྒྱུས་ཚུ་ ཕར་སླབ་ཚུར་སླབ་འབདཝ་ད་ ཨ་རྒས་དེ་གིས་ རྒྱལཔོ་གིས་གནང་ར་གནང་པ་ཅིན་ ཉ་དེ་ཞུ་གེ་ཟེར་སླབ་སྨ་རེ་ཟེར་སྟོན་བྱིན་བྱིནམ་མས། དེ་ལས་ དྭཝ་བུཚ་གིས་ཡང་ ཨ་རྒས་དེ་གིས་སླབ་དོ་བཟུམ་སྦེ་ རྒྱལཔོ་ལུ་ཞུཝ་ད་ རྒྱལཔོ་ཡང་ ཚར་གཅིག་ཉ་དེ་ལུ་ ལེགས་ཤོམ་སྦེ་གཟིགས་ཞིནམ་ལས་ སོང་ཟེར་གསུངས་ཏེ་ ཉ་དེ་ ཁོ་དང་གཅིག་ཁར་བཏང་ད་ནུག། དེ་ལས་ དྭཝ་བུཚ་གིས་ ཉ་དེ་ ཁོང་རའི་ཁྱིམ་ནང་ ཟངས་གཞོང་ནང་ཆུ་བཀང་སྟེ་ དེ་ནང་བཙུགས་བཞག་སྦེ་ ཁོ་ར་ ཞིང་རྨོ་བར་འགྱོ་དོ་ཡོདཔ་མས། ཁོ་ལཱ་ས་ལས་ལོགཔ་ད་ ཉ་དེ་གིས་ཁྱིམ་ནང་ ལྟོ་གཡོ། སྤགས་བཙོ། ཇ་བསྐོལ་སྦེ་ བཞག་ནུག་ཟེར་ཨིན་མས། ཁོ་གི་མནོ་བསམ་ཡང་ ག་ནི་ཡང་མ་བཏང་པར་ དེ་ཚེ་ཕྱི་རུ་ལྟོ་ཡང་ཟ། ཇ་ཡང་འཐུང་སྦེ་ ཉལ་ད་ནུག འ་ནེ་སྦེ་ར་འབད་དེ་ ཉིནམ་དག་པ་ཅིག་སོངམ་ད་ ཁོ་གི་སེམས་ཁ་ལུ་ ནམ་ཅིག་གི་ཚེ་ ཉ་དེ་གིས་ ག་དེ་སྦེ་ལྟོ་དང་ ཇ་འབདཝ་ཨིན་ན་ ཚར་གཅིག་བལྟ་དགོ་པས་ཟེར་མནོ་ནུག། དེ་གི་དྲོ་པ་ ཁོ་ གླང་རྨོ་བར་འགྱོ་རྫུ་བཏབ་སྦེ་ ཁྱིམ་གྱི་ལྟག་ལས་མར་ གཡིབས་ཏེ་བལྟ་སྡོདཔ་ད་ ཉ་གི་ཤུབས་འདི་ཕུད་པའི་བསྒང་ལས་ ལྷ་དང་འདྲ་བའི་བུམོ་ འཇའ་རིསམོ་ཅིག་ཐབ་ཁར་ལྟོ་འབད། སྤགས་བཙོ་དེས་ཟེར་ཨིན་མས། ཁོ་ཡང་ ད་འབདན་ ཆ་རོགས་བུམོ་ འཇའ་རིསམོ་ཅིག་འཐོབ་ནི་མས་མནོ་སྟེ་ ཁོ་འཚབས་ཏེ་ མོ་ ཇ་བསྐོལ་བའི་བར་ན་ ཁོ་ཙང་བཏང་སྦེ་འོངས་ཞིནམ་ལས་ ཉ་གི་ཤུབས་དེ་ འཐུཝ་ཅིག་མེ་ནང་བཙུགས་བཏང་ནུག། བུམོ་དེ་གིས་ ཨ་ཁ་ཁ། ཁྱོད་ཀྱིས་ཚགས་ཁ་ར་མ་ཚུད་ ཁྱོད་དང་ང་ གདོང་ཁར་འཐོན་ནིའི་དུས་ཚོད་དུམ་གྲ་ཅིག་མ་རན།ཨིན་རུང་ ད་ཁྱོད་ཀྱིས་ ངེ་གི་ཤུབས་ཀྱི་ཐལཝ་དེ་ ག་ཏེ་ལྷོད་ལྷོད་གཏོར་ཟེར་སླབ་ནུག། དེ་ལས་ ཁོ་གིས་ཡང་ བུམོ་དེ་གིས་སླབ་དོ་བཟུམ་སྦེ་ཐལཝ་དེ་ ག་ཏེ་ཁྱབ་ཚུགས་ཚུགས་གཏོར་སྦེ་ ཉལ་སྡོད་ནུག། དེ་གི་ནངས་པ་དྲོ་པ་ གཉིད་ཚོར་ཏེ་ལྟཝ་ད་ ཁོ་ཡང་ ག་ཏེ་གུ་ཏེ་ ལྷོདཔ་མ་ཤེས་པར་ གསེར་གྱི་རྫོང་ཆེན་སྦོམ་ཅིག་ནང་བུམོ་ལྷ་བཟུམ་དེ་དང་གཅིག་ཁར་ གསེར་གྱི་ཉལ་ཁྲི་ཅིག་གུར་ ཉལ་སྡོད་ནུག་ཟེར་ཨིན་མས། ཡར་ལོངས་ཏེ་ལྟཝ་ད་ འོག་ལས་མར་ ལཱ་འབད་མི་ འབངས་འཁོར་གཡོག་དང་ ནོར་ལོངས་སྤྱོད་ བསམ་གྱིས་མི་ཁྱབ་པའི་བང་མཛོད་བཀང་སྟེ་ འདུག་ཟེར་ཨིན་མས།ཉིནམ་དེ་ལས་ཚུར་ ཁོ་དང་བུམོ་དེ་རྒྱལཔོ་དང་བཙུནམོ་བཟུམ་སྦེ་ དགའ་ཏོག་ཏོ་སྦེ་སྡོད་ནི་ཐོབ་ནུག་གོ། །། བུཚ་བློ་རིག་ཅན། ཧེ་མ་ གཡུས་ཅིག་ནང་ བུཚ་རིག་པ་ཅན་ཅིག་ཡོདཔ་མས།བུཚ་དེ་གིས་ ཨ་རྟག་ར་ ལུང་ཕྱོགས་དེ་ནང་གི་དཔོན་དེ་གིས་ བཀའ་ཅིག་གནངམ་ད་ར་ ཕྱི་འགྱུར་རེ་འབད་དེ་ འཇམ་ཏོང་ཏོ་ཅིག་རྩ་ལས་ར་ མི་ཉན་དོ་ཡོདཔ་མས། དེ་གིས་སྦེ་ བུཚ་དེ་ལུ་བལྟ་སྟེ་ དཔོན་དེ་ཡང་ དགོངསམ་ཁྲེལ་སུ་ཅིག་སྦེ་ར་ བཞུགས་དོ་ཡོདཔ་མས།ནམ་ཅིག་འབདཝ་ད་ བུཚ་ཁོ་ར་མེདཔ་ཅིག་ཁར་དཔོན་དེ་གིས་ བུཚ་གི་ཁྱིམ་མེ་བཏང་བཞག་བཞགཔ་མས། བུཚ་དེ་ལོག་སོང་ཞིནམ་ལས་ ཁོ་གི་ཁྱིམ་མེ་གཏང་མི་དཔོན་ཨིནམ་ཤེས་ཆི་ནུག། དེ་ལས་ ཁོ་གིས་ དཔོན་འདི་འབད་སར་བཅར་ཏེ་ ང་ལུ་སྐྱིད་སྡུག་ཅིག་ཞུ་དགོ་པས་ཟེར་ཞུ་ནུག། དཔོན་གྱིས་ སྐྱིད་སྡུག་ག་ཅི་དགོ་ནི་སྨོ་ཟེར་གསུངམ་ད་ ཁྱིམ་ཅིག་ཡོད་མི་འདི་ མེ་གིས་འཚིགས་སོ་ཡི། ཁྱིམ་མེ་གིས་འཚིག་མི་གི་ གོ་ཐལ་བླུག་ནིའི་ཕད་ཙི་ཅིག་ ཞུ་དགོ་པས་ཟེར་ཞུ་ཞུཝ་མས། དཔོན་དེ་གིས་ བཏུབ་པས་ཟེར་གསུངས་ཏེ་ ཕད་ཙི་ཅིག་གནང་གནངམ་མས། བུཚ་དེ་གིས་ ཁྱིམ་མའི་གོ་ཐལ་ ཁོ་ར་འབག་ཐེག་ཐེགཔ་ཅིག་ ཕད་ཙི་ནང་བླུགས་སྦེ་ འབག་ཡར་སོ་ནུག། དེ་ལས་ ལ་ཅིག་བརྒལ་ ལུང་ཅིག་སྤུབས་སྦེ་ འགྱོཝ་ད་ ཐང་སྦོམ་ཅིག་ནང་ལྷོད་པའི་བསྒང་ ཉིནམ་འཛུལ་འཛུལཝ་མས། ཁོ་ར་རྐྱངམ་གཅིག་ སྤ་མ་ཆོད་པར་ ཐང་དེ་གི་སྦུག་ལུ་ ཤིང་སྦོམ་ཅིག་ཡོད་མི་དེ་གུར་འཛེགས་ཏེ་སྡོད་སྡོདཔ་མས། གནམ་བསྲོཔ་ཅིག་ཁར་ ཚོང་དཔོན་རྟ་དྲེལ་བོང་དྲེལ་བདའ། ཚོང་གི་ཅ་ལ་ སྤྱི་རིགས་སྣ་ཚོགས་འབག་མི་ཅིག་ ཤིང་འདི་གི་རྩ་བར་སྒར་བཅགས་ཏེ་ སྡོད་ཅི་ཟེར་ཨིན་མས། ཚོང་དཔོན་དང་ཚོང་གཡོག་ཚུ་ ལྟོ་འབད་ཟ་ཞིནམ་ལས་ ག་ར་མགུ་ཏོ་ཤིང་འདི་གི་རྩ་བར་བཙུགས་ཏེ་ ཉལ་ད་ཡི་ཟེར་ཨིན་མས། ནུབམོ་ཕྱེད་ཀྲིག་ཀྲི་ལངམ་ད་ བུཚ་དེ་གིས་ ཚོང་དཔོན་གྱི་མགུ་ཏོ་ཁ་ལས་མར་ གོ་ཐལ་གྱི་ཕད་ཙི་དེ་ བཀོ་བཏང་དཔ་མས། ཚོང་དཔོན་རྣམ་རྟོག་ལངས་ཏེ་ འདྲོགས་པའི་ཤུགས་ཀྱིས་ ཅ་ལ་ཚུ་ག་ར་བཀོ་བཞག་སྦེ་ ཚོང་གཡོག་ཚུ་དང་ག་ར་བྱོག་ཡར་སོ་ནུག། དེ་ལས་ བུཚ་དེ་གིས་ ཚོང་དཔོན་གྱི་ཅ་ལ་ཚུ་དང་ རྟ་དྲེལ་བོང་དྲེལ་ཚུ་ག་ར་འཕྱགས་བདའ་སྟེ་ ལོག་ཁོ་ར་སྡོད་སར་ ཡར་སོ་ནུག། དེ་ལས་ བུཚ་དེ་གིས་ ཉིནམ་གཅིག་དང་ གཉིས་ཀྱི་ནང་འཁོད་ལུ་ར་ ཁྱིམ་གསརཔ་ཅིག་ཡང་རྐྱབ། ཅ་ལ་ཚུ་ ཁྱིམ་ནང་ལྟེམ་ལྟེ་སྦེ་བཙུགས། རྟ་དྲེལ་བོང་དྲེལ་ཚུ་ ཁྱིམ་མའི་མཐའ་བསྐོར་ཏེ་བཏང་བཞག་སྦེ་ བུཚ་དེ་གིས་ ཕད་ཙི་འདི་འབག་སྟེ་ དཔོན་འབད་སར་བཅར་ཞིནམ་ལས་ ང་ལུ་ཕད་ཙི་གནང་སྟེ་ གནམ་མེད་ས་མེད་བཀྲིན་ཆེ། ད་ ངེའི་བསམ་དོན་ག་ར་གྲུབ་སོ་ཡི་ཟེར་ཞུ་ནུག། དཔོན་གྱིས་ ཁྱོད་ཏི་རུ་དང་ རྟ་དྲེལ་བོང་དྲེལ་ཚུ་ ག་དེ་སྦེ་ཐོབ་ཅི་ཟེར་གསུངམ་ད་ ཁོ་གིས་ ནཱ་ལས་ཕར་ ལ་ཅིག་བརྒལ་ལུང་ཅིག་སྤུབས་སྦེ་འགྱོ་ས་ལུ་ ཁྱིམ་མེ་གིས་འཚིགས་པའི་གོ་ཐལ་འདི་ ཉོ་མིའི་ཚོང་དཔོན་ཅིག་འདུག ངེའི་ཁྱིམ་མེ་གིས་འཚིགས་འཚིགས་པའི་གོ་ཐལ་ཚུ་ ག་ར་ཁོ་ལུ་བཙོངས་ཏེ་ ཏི་རུ་དང་རྟ་ནོར་ཚུ་ ཐོབ་ཐོབ་ཨིན་ཟེར་ཞུ་ཞུཝ་མས། དཔོན་དེ་སེམས་ཤོར་ཏེ་ དེ་སྦེ་འཐོབ་ནི་ཡོད་པ་ཅིན་ ངེའི་ཁྱིམ་དེ་ཡང་ ཁྱོད་ཀྱིས་མེ་གཏང་ཟེར་གསུངས་གསུངསམ་མས། དེ་ལས་ བུཚ་དེ་གིས་ དཔོན་གྱི་གཟིམ་ཅུང་ ག་ནི་བ་ལེགས་ཤོམ་ཡོད་མི་དེ་ མེ་སྤར་བཏང་ད་ནུག། དཔོན་དེ་གིས་ཡང་ ཐལཝ་ཕད་ཙི་ནང་བླུགས་འབག་སྦེ་ ཚོང་དཔོན་ཚུ་ སྒར་བཅགས་སྡོད་སར་སོང་སྟེ་ ཁྱིམ་མེ་གིས་འཚིགས་པའི་ཐལཝ་ མི་ཉོ་ག་ཟེར་སླབ་ད་ ཚོང་དཔོན་ཚུ་ཙིགཔ་ཟ་སྟེ་ དཔོན་དེ་ ཤི་ཤི་ར་བརྡུངས་བཏང་ད་ནུག། དེ་ལས་ དཔོན་ལོག་བྱོན་ཞིནམ་ལས་ དགོངསམ་ཁྲེལ་ཏེ་ བུཚ་ཙེའུ་ནང་བསྡམས་སྦེ་ ཆུ་ནང་བཀོ་བཏང་དཔ་མས། ཆུ་དེ་གིས་ ཨ་ཙི་ཅིག་འབག་འགྱོ་ཞིནམ་ལས་ ཆུའི་མཐའ་མར་བཏོན་བཞག་བཞགཔ་མས། ཁོ་ཙེའུ་ནང་ལས་ཞབས་ཁྲ་ཅིག་འཐེན་སྦེ་སྡོདཔ་ད་ ས་ཕྱོགས་གཞན་གྱི་རྒྱལ་པོའི་སྲས་ཅིག་ཤ་བདའ་བར་དེ་ནང་ལྷོད་ལྷོདཔ་མས། རྒྱལ་སྲས་ཀྱིས་ཁོ་ལུ་བལྟ་སྟེ་ ཁྱོད་ག་ཅི་འབདཝ་སྨོ་ཟེར་འདྲིཝ་ད་ ཙེའུ་འདི་ནང་ལས་ལྟཝ་ད་ ང་རའི་ཕམ་ཧེ་མ་ལས་ཤི་སོང་མི་ཚུ་ཡང་ ག་ར་མཐོངམ་མས། དེ་གིས་སྦེ་ ང་ར་སེམས་དགའ་སྟེ་ ཞབས་ཁྲ་འཐེན་སྡོདཔ་ཨིན་ཟེར་སླབ་ནུག སྲས་དེ་གིས་ང་ཡང་བལྟ་གེ་ཟེར་གསུངམ་ད་ དེ་སྦེ་ཨིན་པ་ཅིན་ ང་དང་ཅོག་འཐདཔ་བཟོ་སྟེ་ བལྟ་བ་ཅིན་རྐྱངམ་གཅིག་ མཐོང་ཚུགས་ཟེར་སླབ་སྟེ་ རྒྱལ་པོའི་སྲས་ཀྱི་གཟུགས་ཁའི་གྱོན་ཆས་ཚུ་ ག་ར་སོར་ཏེ་གྱོན་ཞིནམ་ལས་ རྒྱལ་སྲས་དེ་ཙེའུ་དེ་ནང་བཙུགས། ཁ་བསྡམས་བཞག་སྦེ་ ཁོ་ར་བྱོག་ཡར་སོ་ནུག། དེ་ལས་ ཟླཝ་གཅིག་གི་རྒྱབ་ལས་ བུཚ་དེ་གིས་རྒྱལ་སྲས་ཀྱི་གོ་གྱོན། དཔའ་རྟགས་བཏགས་སྦེ་ ཧེ་མ་གི་དཔོན་ཡོད་སར་ཕྱག་དབང་བཅར་བར་སོངམ་ད་ དཔོན་དེ་ཧ་ལས་ཏེ་ དབའི་ ཁྱོད་ག་དེ་སྦེ་ལོག་ལྷོད་ཅི་ཟེར་འདྲིཝ་ད་ བུཚ་དེ་གིས་ དཔོན་ཁྱོད་ཀྱིས་ ང་ཆུ་ནང་བསྐྱལ་བཏང་ཏེ་གནམ་མེད་ས་མེད་བཀའ་དྲིན་ཆེ་ཡི། ཆུ་དེ་ནང་གི་མཚོ་སྨན་རྒྱལ་མོ་གིས་ ང་ཆུ་ནང་ལྷོདཔ་ཅིག་ མོའི་ཕོ་བྲང་ནང་ཤོག་ཟེར་གསུངས་ཏེ་ ག་ནི་བ་ཉམས་དགའ་བའི་ཕོ་བྲང་ནང་ འདོད་ཡོན་ལོངས་སྤྱོད་ཀྱི་སྦུག་ལུ་ སྤྲོ་བཏོན་ཏེ་བཞག་ཅི། ང་ཚར་གཅིག་གཡུས་སྐོར་འགྱོ་དགོ་པས་ཟེར་ཞུ་སྟེ་ ནཱ་དཔོན་ལུ་བཀྲིན་དགའ་ཚོར་ཞུ་བར་འོངམ་ཨིན། ཨ་ནཱི་གཟུགས་ཁ་གི་གོ་དང་དཔའ་རྟགས་ཚུ་ཡང་ག་ར་ མཚོ་སྨན་རྒྱལ་མོ་གིས་ གནང་གནངམ་ཨིན་ཟེར་ཞུ་ཞུཝ་མས། ད་ང་ལོག་འགྱོཝ་ད་ ཧེ་མ་བཟུམ་ཙེའུ་ནང་འཛུལ་ ཁ་བསྡམས་སྦེ་ར་འགྱོ་དགོ་པས་ ངེའི་དཔའ་རྟགས་འདི་ ནཱ་ལུ་ཕུལ་གེ་ ང་ལུ་ཙེའུ་ཅིག་ཞུ་གེ་ཟེར་ཞུཝ་ད་ དཔོན་དེ་དོན་ལས་ར་ཨིནམ་འདྲས་མནོ་སྟེ་ ཧེ་མ་ང་ཚར་གཅིག་བལྟ་བར་འགྱོ་གེ་ ང་ལོག་ལྷོད་ཞིནམ་ལས་ ཁྱོད་ར་སོང་ཟེར་གསུངས་གསུངསམ་མས། བུཚ་དེ་གིས་ དཔོན་དྲིན་ཅན་ཨིན། བཏུབ་ཟེར་ཞུ་སྟེ་ དཔོན་གྱི་ཕྱག་ཞུ་སྟེ་ ཆུའི་མཐའ་མར་ལྷོདཔ་ཅིག་ དཔོན་ཙེའུ་ནང་བཙུགས་ཏེ་ ཆུ་ནང་བསྐྱལ་བཏང་དཔ་ལས་ དཔོན་དེ་ ཆུ་གིས་འབག་ཡར་སོ་ནུག་གོ། །། བྱ་པོད་དང་བྱམོ། དང་ཕུ་ གཡུས་ཅིག་ནང་ལུ་ བྱཔོ་ཅིག་དང་བྱམོ་ཅིག་བཟའ་ཚང་བསྡོམས་ཏེ་ཡོདཔ་མས། བྱམོ་འདི་གིས་ཁྱིམ་ནང་སྡོད། བྱཔོ་དེ་གིས་ཉིནམ་ཨ་རྟག་ར་ ལྟོ་འཚོལ་བར་འགྱོ་དོ་ཡོདཔ་མས། ནམ་ཅིག་འབདཝ་ད་ བྱཔོ་དེ་གིས་ གེ་ཟ་ཕུད་ཏ་གང་ཐོབ་སྟེ་ ལྟོ་རས་ནང་བཅིངས་འབག་འོངས་སྦེ་ ཁྱིམ་ནང་ལྷོདཔ་ད་ གེ་ཟའི་ལྟོ་རས་དེ་ བྱམོ་དེ་གི་ལག་པར་བདག་འཛིན་འབད་ཟེར་སྤྲོད་ནུག། དེ་གི་ནངས་པ་ལས་ དོ་རུང་བྱཔོ་དེ་ ལྟོ་འཚོལ་བར་སོང་སྟེ་ ཟླཝ་གཅིག་སོང་རུང་ག་ནི་ཡང་མ་ཐོབ་པར་ལོག་ཐོན་འོངས་ནུག། ཁྱིམ་ནང་ལྷོདཔ་ད་ ཧེ་མ་གི་གེ་ཟ་ ཟ་དགོ་མནོ་སྟེ་ འབད་ར་མ་ཚུགས་པར་ལྟཝ་ད་ གེ་ཟ་འདི་ ལྟོ་རས་ནང་མིན་འདུག་ཟེར་ཨིན་མས། བྱམོ་དེ་ལུ་ ང་བཅས་རའི་གེ་ཟ་ཀྭ་ལས། ཁྱོད་ཀྱིས་ཟ་དཔ་འདྲས་མེན་ན་ཟེར་འདྲིཝ་ད་ བྱམོ་གིས་ང་ཟ་ར་མ་ཟ་ཟེར་སླབ་ནུག། བྱཔོ་དེ་གིས་ ཁྱོད་ཀྱིས་ར་ཟ་ཟཝ་ཨིན་ཟེར་ བྱམོ་འདི་ ཕྱེ་འཐག་འཐག་ར་བརྡུངས་ད་ནུག། དེ་ལས་ བྱམོ་དེ་གནམ་མེད་ས་མེད་སེམས་སྐྱོ་སྟེ་ རི་ཁ་ལུ་བྱོག་ཡར་སོ་ནུག། བྱ་པོད་ཁོ་ར་རྐྱངམ་གཅིག་ ཁྱིམ་ནང་ཆ་རོགས་ག་ཡང་མེད་པར་ དབུགས་འགམ་འགམ་སར་སྡོད་དགོཔ་བྱུང་ནུག། ནམ་ཅིག་འབདཝ་ད་ གེ་ཟ་དེ་མེ་ཏོག་ལེ་ཤ་ཅིག་ར་ཤར་ཏེ་ཡོདཔ་མཐོང་སྟེ་ བྱམོ་དེ་ར་བདེན་པས་མནོ་སྟེ་ ཁོ་གནམ་མེད་ས་མེད་བློ་ཕམ་བྱུང་ནུག། དེ་གི་ནངས་པ་ར་ ཁོ་གིས་ཀོ་ཀ་ལི་ཀོ། གེ་ཟ་མ་ཟ་མ་འཐུང་ཁྱོད་བདེན་པས།། གེ་ཟ་ས་ལས་མེ་ཏོག་ཤར་ཏེ་ཡོད།། ཀོ་ཀ་ལི་ཀོ་ཟེར་སླབ་ཅི་ར་བྱམོ་འཚོལ་བར་འགྱོ་ནུག། དེ་ལས་ ལ་ཅིག་གུར་ལྷོདཔ་ད་ བྱམོ་གི་ཨ་ཝ་སྐམ་ཅིག་མཐོང་ནུག། ཁོ་སེམས་ཨ་ཙི་ཅིག་དགའ་སྟེ་ དོ་རུང་ ཀོ་ཀ་ལི་ཀོ། གེ་ཟ་མ་ཟ་མ་འཐུང་ཁྱོད་བདེན་པས།། གེ་ཟ་ས་ལས་མེ་ཏོག་ཤར་ཏེ་ཡོད།། ཟེར་སླབ་ཅི་ར་ལ་ཅིག་བརྒལ་ཏེ་སོངམ་ད་ བྱམོ་གི་སྤུ་ཅིག་མཐོང་ནུག། དོ་རུང་ ཁོ་སེམས་དུམ་གྲ་ཅིག་དགའ་སྟེ་ ཧེ་མ་བཟུམ་སྦེ་སླབ་ཅི་ར་སོངམ་ད་ ཟླཝ་གསུམ་དེ་ཅིག་གི་རྒྱབ་ལས་ བྱམོ་འདི་ ཚལ་མ་སྦོམ་ཅིག་གི་ནང་ ལྟོ་འཚོལ་བར་འོངམ་ཁ་ཐུག་རྐྱབ་ནུག། དེ་ལས་ བྱཔོ་གིས་ ཕྲང་ཕྲང་བྱམོ་ཡོད་སར་སོང་སྟེ་ ཀོ་ཀ་ལི་ཀོ། གེ་ཟ་མ་ཟ་མ་འཐུང་ཁྱོད་བདེན་པས།། གེ་ཟ་ས་ལས་མེ་ཏོག་ཤར་ཏེ་ཡོད།། བྱམོ་ང་བཅས་རའི་ཁྱིམ་ནང་མི་འགྱོ་ག་ཟེར་སླབ་ད་ བྱམོ་དེ་ཙིགཔ་ཟ་སྟེ་ ལན་ག་ནི་ཡང་སླབ་མ་བཏུབ་པས། དོ་རུང་ ཁོ་གིས་ ཉིནམ་རིང་ཆད་ར་ བྱམོ་དེ་ལུ་ ཀོ་ཀ་ལི་ཀོ་ར་ཟེར་ལོག་ཅི་ར་སླབ་སྟེ་ ཉིནམ་དག་པ་ཅིག་གི་རྒྱབ་ལས་ བྱམོ་དེ་ཙིགཔ་ཟཝ་སངས་ཏེ་ ཁ་ཡང་སླབ་སྦེ་ཁོང་གཉིས་ལོག་འཆམས་སོ་ནུག། དེ་ལས་ དེ་གི་ནངས་པ་ལས་ ཁོང་ར་གཉིས་ཁྱིམ་ནང་ལོག་འོངས་ཏེ་ལྟཝ་ད་ གེ་ཟ་ཤིང་ཚུ་སྦོམ་ཐལ། བཤོསཔ་ཚུ་ཡང་ག་ཅི་དེ་ལེགས་ཤོམ་སྦེ་བཏགས་ཏེ་ཡོདཔ་མཐོངམ་ལས་ ཁོང་བཟའ་ཚང་གཉིས་ གེ་ཟ་འདི་ལས་བརྟེན་ཏེ་ བདེ་སྐྱིད་ཕུན་སུམ་ཚོགས་ཏེ་སྡོད་ནུག་གོ། །། ཚོང་དཔོན། ཧེ་མ་ གཡུས་ཅིག་ནང་ ཚོང་དཔོན་ཅིག་ཡོདཔ་མས། ཉིནམ་ཅིག་རྟའི་གུར་གསེར་དོ་གཉིས་བཀལ། དོ་གཅིག་ཁོ་ར་གིས་འབག་སྦེ་ ཚོང་ལུ་འགྱོ་འགྱོཝ་མས། ལམ་ཁ་ལུ་ཨ་ལུ་གསུམ་གྱིས་ དོམ་ཅིག་གསད་ནི་སྦེ་སྡོདཔ་ད་ ཚོང་དཔོན་དེ་གིས་མཐོང་སྟེ་ ཨ་ལུ་གསུམ་ལུ་ དོམ་དེ་མ་བསད་ཟེར་སླབ་ནུག། ཨ་ལུ་ཚུ་གིས་ ཁྱོད་ར་ལམ་ཕྲང་སྟེ་སོང་། ང་བཅས་ར་ག་དེ་སྦེ་འབད་རུང་འབད་འོང་ཟེར་སླབ་ད་ ཚོང་དཔོན་དེ་གིས་ དེ་སྦེ་མ་འབད། ང་གིས་ཁྱེད་ཚུ་ལུ་ གསེར་དོ་གཅིག་བྱིན་གེ། དོམ་འདི་ཚེ་ཐར་གཏང་ད་ཟེར་སླབ་ནུག། ཨ་ལུ་ཚུ་གིས་ གསེར་དོ་གཅིག་ར་བྱིན་པ་ཅིན་འདི་བཏུབ་ཟེར་སླབ་སྟེ་ གསེར་དོ་གཅིག་ལེན་སྦེ་ དོམ་འདི་ཚེ་ཐར་བཏང་ད་ནུག། དོ་རུང་ ཚོང་དཔོན་འདི་ནཱ་ལས་ཕར་འགྱོཝ་ད་ དོ་རུང་ ཨ་ལུ་གཞན་གསུམ་གྱིས་ སྤྱ་ཅིག་གསད་ནི་སྦེ་སྡོདཔ་མཐོང་ནུག། ཁོ་གིས་ཧེ་མ་བཟུམ་སྦེ་སླབ་སྟེ་ གསེར་དོ་གཅིགཔོ་དེ་ཨ་ལུ་གསུམ་ལུ་བྱིན་སྦེ་ སྤྱ་འདི་ཡང་ཚེ་ཐར་གཏང་ད་ནུག། ཁོ་འདི་ནཱ་ལས་ཕར་འགྱོཝ་ད་ དོ་རུང་ ཨ་ལུ་གཉིས་ཀྱིས་ བྱི་ཙི་ཅིག་གསད་ནི་སྦེ་སྡོདཔ་ ཁོ་གིས་མཐོང་ཆི་ནུག། ཨ་ལུ་ཚུ་ལུ་ ཧེ་མ་བཟུམ་སྦེ་སླབ་སྟེ་ གསེར་དོ་གཞན་མི་གཅིགཔོ་དེ་ཡང་ ཨ་ལུ་ཚུ་ལུ་བྱིན་སྦེ་ བྱི་ཙི་དེ་ཡང་ ཚེ་ཐར་བཏང་ད་ནུག། དེ་ལས་ ཚོང་དཔོན་ཁོ་ར་ ཟ་ནི་དང་འཐུང་ནི་ག་ནི་ཡང་མེད་པར་ རྒྱལ་པོའི་བང་མཛོད་ནང་ལུ་ ཨརཝ་བརྐུ་བར་སོང་སོངམ་མས། ཨརཝ་བརྐུ་བར་འགྱོ་ས་ལུ་ རྒྱལ་པོའི་བཙུནམོ་གིས་གཟིགས་ཏེ་ ཁོ་བཟུང་སྦེ་ སྒྲོམ་ཅིག་ནང་བཙུགས་ཏེ་ ཆུ་ནང་བཀོ་ད་ནུག། ཆུའི་རླབས་ཀྱིས་ ཁོ་ཆུའི་མཐའ་མ་ལུ་བཏོན་བཞག་པའི་བསྒང་ བྱི་ཙི་འདི་གིས་མཐོང་ཆི་ནུག། བྱི་ཙི་གི་སེམས་ཁ་ལུ་ཟ་ནི་ཅིག་ཨིནམ་འདྲས་མནོ་སྟེ་ སྒྲོམ་དོང་བཏོན་ཏེ་ལྟཝ་ད་ ནང་ན་ལས་མི་ཅིག་ཐོན་ཡི་ཟེར་ཨིན་མས། བྱི་ཙི་དེ་གིས་ ཁོ་ངོ་ཤེས་ཏེ་ དབའི་ཁྱོད་ག་དེ་སྦེ་འདི་ནང་ལུ་ལྷོད་ལྷོདཔ་སྨོ་ཟེར་འདྲིཝ་ད་ ཁོ་གིས་ཧེ་མ་གི་ལོ་རྒྱུས་ག་ར་སླབ་བྱིན་ནུག། བྱི་ཙི་དེ་གིས་ ཧེ་མ་ ང་ཡང་ཁྱོད་མེད་པ་ཅིན་ སྲོག་དང་འབྲལ་སོཔ་འོང་། ང་ད་ལྟོ་ནེ་སྦེ་སྡོད་ནི་ཡོད་མི་འདི་ ཁྱོད་ཀྱི་བཀའ་དྲིན་ཨིན་ཟེར་སླབ་ནུག། དེ་ལས་ མི་དེ་གིས་ ང་གིས་སྤྱ་ཅིག་དང་དོམ་ཅིག་ཡང་ ཁྱོད་བཟུམ་སྦེ་ར་ཚེ་ཐར་བཏང་ཡི། དེ་འབདཝ་ད་ ད་རིས་ ང་དོག་ས་ལུ་ ཕན་ཐོགས་མི་འདི་ ཁྱོད་ཨིན་མས། བཀྲིན་ཆེ་ཟེར་སླབ་ནུག། དེ་ལས་ བྱི་ཙི་དེ་གིས་ དེ་འབདན་ ཁོང་ཚུ་ཡང་ང་གིས་ད་ལྟོ་ར་ འཚོལ་སྦེ་ཁྱིད་འོངས་ཞིནམ་ལས་ ཁྱོད་ལུ་གྲོགས་རམ་འབད་གེ་ཟེར་སླབ་ནུག། དེ་ལས་ བྱི་ཙི་དེ་གིས་ དོམ་དང་སྤྱ་ཡང་བོ་ཞིནམ་ལས་ མི་དེ་ལུ་ གྲོགས་རམ་ག་ཅི་འབད་ནི་ཨིན་ན་ སྤང་ཅིག་ནང་བློ་སླབ་སྟེ་སྡོད་ནུག། དེ་ཅིག་གི་བར་ན་ སྤྱ་དེ་གིས་ ཆུ་ཕ་ཀའི་བྱག་མགུ་ལུ་ མེ་ཧོ་ཡུག་ཡུ་ཅིག་འབར་སར་མཐོང་སྟེ་ བལྟ་བར་འགྱོ་ནི་འབདཝ་ད་ བར་ན་ཆུ་སྦོམ་ཅིག་ཡོད་མི་འདི་ཁ་ལས་ མ་ཐལ་བས། ག་དེ་སྦེ་འབདཝ་དྲག་ག་ཟེར་སླབ་ད་ སྤྱ་གིས་གནས་སྐབས་ཅིག་མཐོང་ཅི་ཟེར་སླབ་སྟེ་ སྤྱ་གིས་དོམ་གུར་འཛེགས། བྱི་ཙི་འདི་ སྤྱའི་གུར་འཛེགས་སྦེ་ཆུ་བརྒལ་ཏེ་འགྱོཝ་ད་ ཆུ་ཕར་ཁར་ལྷོད་ནུག། དེ་ལས་ མེ་འབར་སར་བལྟ་བར་འགྱོཝ་ད་ མེ་མེན་པར་ ནོར་བུ་ཅིག་ཨིན་མས་ལོ། དེ་ལས་ ཁོང་གསུམ་གྱིས་ ནོར་བུ་དེ་ འབག་འོངས་ཞིནམ་ལས་ མི་དེ་ལུ་སྤྲོད་ནུག མི་དེ་གིས་ ནོར་བུ་དཔྱལ་བར་བཀལ། མིག་ཏོ་བཙུམས་སྦེ་ ད་ ང་བཅས་བཞི་སྤང་འདི་གི་སྦུག་ལུ་ ཁྱིམ་སྦོམ་ཅིག་གི་ནང་ན་ལུ་ སྡོད་བཅུག་ཟེར་སྨོན་ལམ་བཏབ་ད་ནུག། མིག་ཏོ་བརྒྱངས་ཏེ་ལྟཝ་ཅིག་ སྤང་སྟོང་པའི་སྦུག་ལུ་ ཁྱིམ་ག་ནི་བ་དགའཝ། ལྷའི་ཕོ་བྲང་བཟུམ་ཅིག་ཐོནམ་ལས་ ཚོང་དཔོན་འདི་ ཁྱིམ་དེ་ནང་གི་སྦྱིན་བདག་འབད་ སྤྱ་དང་དོམ་བྱི་ཙི་གསུམ་གྱིས་བྱ་རོགས་འབད་སྦེ་ ག་ནི་བ་དགའ་ཏོག་ཏོ་སྦེ་སྡོད་ནུག་གོ། །། སྤྱང་ཀའི་བུ་རང་སྲོག་གཅད་མི། ཧེ་མ་ གཡུས་ཚན་ཅིག་ནང་ བུཚ་ཅིག་ཡོདཔ་མས། ཁོ་མི་སྤྱང་ཀ་འབད་ནི་དེ་གིས་ གཡུས་ཚན་འདི་ནང་གི་མི་ཚུ་ག་ར་གིས་ མིག་ཁར་མི་རྐྱབ་དོ་ཡོདཔ་མས། དེ་གིས་མ་ཚད་ ཁོ་གི་ཁྱིམ་འདི་ཡང་སྦ་སྒོར་ཅིག་ར་ཨིན་པའི་གུར་ ཁོ་ལུ་ཡོད་རུང་མེད་རུང་ སྤུན་ཆ་བུམོ་གཅིག་ཡོད་མི་འདི་གིས་ཡང་ ཁོ་བཀོ་བཞག་སྦེ་ མོ་རའི་རྨགཔ་དང་མཉམ་གཅིག་ཡར་སོངམ་མས། ཡུདཔ་ཅིག་ལས་ བུཚ་འདི་ཟ་ནི་དང་འཐུང་ནི་མེད་པར་ སྤྱང་འཁྱམས་ཏེ་ བཞེས་སྒོ་ཡང་ལྷང་ཡི་ར་ཟ་སྡོདཔ་ལས་ མི་ཚུ་གིས་ཁོ་གི་མིང་ཡང་སྤྱང་ལོང་ཟེར་བཏགས་ནུག། ཁོ་ར་ལཱ་ཅིག་འབད་ནི་གི་མནོ་བསམ་ཡོད་རུང་ ལཱ་འབད་སའི་ཕ་ཞིང་འདི་ ཏོག་ལེབ་གང་ཡང་མེདཔ་ལས་ སེམས་སྐྱོ་སྟེ་ ཁོ་ར་གིས་ཁོ་ར་ལུ་ དེ་སྦེ་སླབ་ནུག། ང་བཟུམ་མའི་མི་ག་ཏེ་ཡང་མི་འོང་། འདི་བཟུམ་མའི་སྡུག་བསྔལ་མྱོང་སྡོདཔ་ལས་ ཤིཝ་དྲག་ནི་མས་ཟེར་སླབ་སྟེ་ ཁོ་ར་གིས་ཐགཔ་ཅིག་འབག་འོངས་སྦེ་ ཨོལ་ལྐོག་བསྡམས་ཏེ་ཤི་ནི་སྦེ་ཐག་པའི་མཇུག་ཐག་སྦ་སྒོར་གྱི་དགུང་ཤིང་གུར་བཏགས། མཐའམ་ཅིག་ ཁོ་རའི་ཨོལ་ལྐོག་ཁར་སྒྲིང་སྒྲི་སྦེ་བསྡམས་ཏེ་ སྦ་སྒོར་ཟུར་ཁ་ལས་མར་མཆོངས་གཏངམ་ད་ སྦ་སྒོར་རམ་འགྱོ་སྟེ་ ཁོ་ར་ཤི་མ་ཚུགས་པར་ལུས་སོ་ནུག། དེ་ལས་ ཁོ་གི་མནོ་བསམ་ལུ་ ང་ལུ་ཡོད་རུང་མེད་རུང་སྦ་སྒོར་ཅིག་ལས་མེད་ཟེརན་ འདི་ཡང་རམ་སོ་ཡི། ད་ དེ་བ་འདི་ ནགས་ཚལ་ནང་སོང་ཞིནམ་ལས་ ཐགཔ་འདི་ཤིང་གུར་བཏགས་ཞིནམ་ལས་ ང་ར་འདི་གུར་དཔྱངས་ཏེ་ཤི་བ་ཅིན་དྲག་ནི་མས་ཟེར་མནོ་ནུག། དེ་ལས་ ནགས་ཚལ་སྦོམ་ཅིག་ནང་སོང་སྟེ་ ཐགཔ་འདི་ཤིང་གུར་བཏགས། མཐའམ་ལོགས་གཅིག་ཁོ་རའི་ཨོལ་ལྐོག་གུར་བཏགས་སྦེ་ མཆོངས་གཏངམ་ད་ ཐགཔ་ཤིང་མགུ་ལས་འབྱིད་དེ་ ཁོ་ར་རྦོབ་རིལ་ཡར་སོ་ནུག། ཁོ་ར་ བལྟ་མ་ཚུགས་པར་ མིག་ཏོ་བཙུམསཔ་བཙུམས་སར་རྦོབ་རིལ་འགྱོཝ་ད་ ཡུདཔ་ཅིག་ཁ་ལས་ ཆགས་ཆི་ཡི་ཟེར་ཨིན་མས། ཁོ་མིག་ཏོ་བརྒྱངས་ཏེ་བལྟ་བའི་བསྒང་ལས་ སྤང་ཧོནམོ་ཉམས་དགའ་ཏོག་ཏོ་ཅིག་ནང་ལྷོདཔ་མཐོང་སྟེ་ དོ་རུང་མནོ་བསམ་ཅིག་བཏང་ནུག། ད་ ཤི་གེ་ཟེར་རུང་ འཇམ་ཏོང་ཏོ་འབད་དེ་ཤི་མི་ཚུགས་པས། ད་ དེ་བ་འདི་ ཨ་ནཱི་སྤང་དགའ་ཏོག་ཏོ་འདི་ནང་ལུ་ ལཱ་གཞན་འབད་མ་ཚུགས་རུང་ སྤང་བརྐོ་ཞིནམ་ལས་ ཀེ་བ་ཅིག་བཙུགས་པ་ཅིན་ དྲག་ནི་མས་ཟེར་མནོ་ནུག། དེ་ལས་ ཁོ་རའི་སྦ་སྒོར་རམ་འགྱོ་མི་དེ་ནང་ལས་ ཏོག་ཙི་ཅིག་འབག་འོངས་ཏེ་ སྤང་བརྐོ་ད་ནུག། སྤང་བརྐོ་ཚར་ཏེ་ ཀེ་བ་བཙུགས་ནི་འབདཝ་ད་ སོན་མེད་པར་ གཡུས་ཚན་གཞན་ཅིག་ཁ་ལུ་ཀེ་བ་སོན་ལྷང་པར་འགྱོ་ནུག ཁོ་འགྱོ་སའི་ལམ་གྱི་སྦུག་ལུ་ར་ བྱ་ཅིག་ཤི་ནི་བཟུམ་སྦེ་སྡོདཔ་མཐོང་ནུག ཁོ་གིས་བྱ་ལུ་བལྟ་སྟེ་ སྡི་ཆེ་སྟེ་ འཐུ་སྦེ་འབག་ཡར་སོ་ནུག། ཁོ་འདི་ནང་ལས་ཕར་འགྱོ་ས་ལུ་ དོ་རུང་མི་ཨ་རྒས་ཤི་ནི་གུར་ཐུག་རུང་ ལྟ་མི་ག་ཡང་མེད་པར་སྡོད་མི་ཅིག་མཐོང་ནུག། འདི་ལུ་ཡང་ སྡི་ཆེ་སྟེ་ སྒལ་པར་འབག་སྦེ་ཡར་སོ་ནུག། ཁོང་གསུམ་ དེ་སྦེ་ར་འགྱོཝ་ད་ ཡུདཔ་ཅིག་ཁ་ལས་ བྱ་དང་ཨ་རྒས་ཡང་ ནཝ་མེདཔ་ལོག་སོ་ནུག། དེ་ལས་ ཁོང་གསུམ་ ཆ་རོགས་འབད་དེ་ དེ་སྦེ་ར་འགྱོཝ་ད་ གཡུས་ཚན་ཆུང་ཀུ་ཅིག་ནང་ལྷོད་ནུག། དེ་ལས་ གཡུས་ཚན་འདི་ནང་གི་མི་ཚུ་གིས་ སླབ་དེས་ཟེར་ཨིན་མས། གཡུས་འདི་ནང་གི་རྒྱལཔོ་དེ་ དབང་ཚད་ཅན་ཅིག་ཨིན་རུང་ ཧེ་མ་ལས་གཤགས་སོ་ཡི། རྒྱལཔོ་དེ་ལུ་ ཡོད་རུང་མེད་རུང་སྲསམོ་གཅིག་ལས་བརྒལ་ཏེ་མེད། ད་རེས་སྲསམོ་དེ་ཡང་ སེམས་སྐྱོ་སྟེ་ར་བཞུགས་ཡོད་ཟེར་སླབ་ནུག། དེ་ལས་ སྤྱང་སློང་བུ་དང་བྱ་ ཨ་རྒས་ཁོང་གསུམ་ རྒྱལ་པོའི་སྲསམོ་བཞུགས་སར་སོང་སྟེ་ སྲསམོ་ག་ཅི་སྦེ་ཐུགས་སྐྱོ་སྟེ་བཞུགསཔ་སྨོ་ལགས་ཟེར་དྲིས་ནུག། སྲསམོ་གིས་ མོ་གི་ཡབ་ཧེ་མ་གཡུས་ཚན་འདི་ནང་གི་རྒྱལཔོ་སྦོམ་ཅིག་ཨིན་རུང་ གཞན་གྱིས་བཀྲོངས་ད་ཡི། ཕྱག་མཛོད་ནང་གི་ནོར་བུ་དེ་ཡང་ འདྲེ་ཚུ་གིས་འབག་ཡར་སོང་སྟེ་ སྲསམོ་འབད་རུང་ཐ་རྡུགས་ཏེ་ སྡོད་ཡོད་ཟེར་བཤུམས་ཡི་བཤུམས་ཡི་ར་གསུངས་ནུག། དེ་ལུ་སྤྱང་སློང་བུ་དེ་གིས་ སྲསམོ་ཐུགས་སྐྱོ་མི་དགོ། ང་བཅས་སྤུན་ཆ་གསུམ་ཡང་ཁྱོད་བཟུམ་ཅིག་ར་ཨིན། ད་ དེ་བ་འདི་ སྲསམོ་ཁྱོད་ར་ཡང་ ང་བཅས་དང་མཉམ་གཅིག་ ས་གནས་གཞན་ཁར་འགྱོ་གེ་ཟེར་སླབ་ད་སྲསམོ་གིས་ཡང་ ཞལ་གྱིས་བཞེས་ད་ནུག། དེ་ལས་ ཁོ་གིས་ ང་བཅས་ར་ལུ་ཀེ་བ་སོན་ཅིག་དགོ་ནི་མས་ སྲསམོ་ལུ་ཀེ་བ་གི་སོན་མེད་ག་ཟེར་འདྲིཝ་ད་ སྲསམོ་གིས་ཀེ་བ་སོན་ཅིག་འདི་ཡོད་ཟེར་སླབ་སྟེ་ ཀེ་བ་གི་སོན་བཏོན་བྱིན་ནུག། དོ་རུང་ཁོ་གིས་ ད་ཁྱོད་ལུ་གཞན་ག་ནི་ཡང་མེད་ག་ཟེར་འདྲིཝ་ད་ མོ་གིས་གཞན་ རྟ་མིག་ཏོ་ཞརཝ་ཅིག་དང་ རོ་ཁྱི་རྐངམ་ཞཝ་ཅིག་ཡོད་ཟེར་གསུངམ་ད་ ཁོ་གིས་འདི་ཡང་འཁྱིད་ཆི་གེ་ཟེར་སླབ་སྟེ་ རྟ་དང་རོ་ཁྱི་ཡང་ཁྱིད་ལོག་སོ་ནུག། དེ་ལས་ ཁོང་ཆ་ཁྱབ་ འདི་ཁ་ལས་ཕར་སོང་ཞིནམ་ལས་ ཡུདཔ་ཅིག་ཁ་ལས་ སྤྱང་ལོང་སྡོད་སར་ལྷོདཔ་ད་ ཁོ་གིས་ང་སྡོད་ས་འདི་ནང་ཨིན་ཟེར་སླབ་ནུག། སྲསམོ་གིས་ང་སྐྱོ་ཟེརན་ ང་ལས་ཁྱོད་སྐྱོ་བས། དེ་མའི་ལཱ་ཟེར་ཤུམ་ད་ ཁོ་གིས་ག་དེ་སྦེ་འབད་ནི། ང་བཅས་རའི་ཚེ་ཧེ་མ་གི་ལས་ཨིན་མས། ད་ དེ་བ་འདི་ དཔྱེ་གཏམ་ལུ་ཡང་ དཀའཝ་མ་སྤྱདན་གྲུབ་པ་མི་འཐོབ་ཟེར་སླབ་ནིཡོད། ང་བཅས་ཡང་གཅིག་འབད་ནི་ར་རྨམ་ཟེར་སླབ་སྦེ་ དེ་གི་ནངས་པ་ལས་ཀེ་བ་གི་སོན་འདི་བཙུགས། བྱ་གི་ཨ་ཝ་དེ་ལུད་སྦེ་གཏོརཝ་ད་ཡུདཔ་ཅིག་ལས་ ཀེ་བ་ཐོན་ཤུགས་གནམ་མེད་ས་མེད་ཐོན་ནུག། དེ་ལས་ ཀེ་བ་མང་ཤོས་ཅིག་བཙོངས་ཏེ་ ཏི་རུ་འཐོབ་མི་འདི་གིས་ འགྲོ་སོང་བཏང་། ཏི་རུ་ལྷག་ལུས་ལེ་ཤ་ཡོད་མི་གིས་ ཁྱིམ་ཅིག་ཡང་རྐྱབ་ཚུགས་ནུག། ཁྱིམ་འདི་གི་སྦོ་ལོགས་ཁར་ ཤིང་ཅིག་ཡོད་མི་འདི་གུར་ བྱ་འདི་བཞག ཨ་རྒས་འདི་ཁྱིམ་ནང་བཞག རོ་ཁྱི་དང་རྟ་འདི་ཁྱིམ་གྱི་སྒོ་ཁར་བཏགས་སྦེ་ཁོང་ར་གཉིས་ཁྱིམ་དེ་ནང་སྡོད་སྦེ་ ཉིན་མར་ཀེ་བ་ཞིང་ནང་ལཱ་འབད་བ་ར་འགྱོ་དོ་ཡོདཔ་མས། ཉིནམ་ཅིག་འབདཝ་ད་ ཁོ་གི་ཞིང་ནང་ལས་ རྡོ་མེ་འབར་མི་ཅིག་མཐོང་ཆི་ནུག། ཁོ་རྣམ་རྟོག་ལངས་ཏེ་ སྲསམོ་ལུ་ དབའི་བལྟ་ཞིག ག་ཅི་ཨིན་ན་ རྡོ་འདི་ དེམ་རྔམ་མི་རྔམ་ཟེར་སླབ་ད་ མོ་གིས་བལྟ་བའི་བསྒང་ལས་ ཧེ་མ་ལྷ་འདྲེ་ཚུ་གིས་ འབག་མི་མོ་གི་ཡབ་ཀྱི་ནོར་བུ་དེ་ཨིན་མས་ལོ། དེ་ལས་ མོ་གིས་ འདི་རྡོ་མེན། ངེའི་ཡབ་ཀྱི་ནོར་བུ་ཨིན་ཟེར་སླབ་སྦེ་ ད་ང་བཅས་ར་གཉིས་ ནོར་བུ་ལུ་སྨོན་ལམ་བཏབ་གེ་ཟེར་ ཁོང་ར་གཉིས་ཆ་ར་རྡོ་དེ་གི་སྦོ་ལོགས་ཁར་སོང་སྟེ་ སྨོན་ལམ་ཅིག་བཏབ་པའི་བསྒང་ལས་ ཁོང་གི་ཁྱིམ་དེ་ཕོ་བྲང་ལུ་གྱུར། མཐའ་སྐོར་ལུ་མེ་ཏོག་གིས་བསྐོར། ནང་ན་ནོར་ལོངས་སྤྱོད་ཀྱིས་གང་། འབངས་མི་སེར་ཕུན་སུམ་ཚོགས་ཏོག་ཏོ་ཡོད་མི་ཅིག་ལུ་གྱུར་སོ་ནུག། ཁོ་གིས་ལུང་ཕྱོགས་དེ་ནང་གི་རྒྱལཔོ་མཛད། མོ་གིས་ཨ་ཞེ་མཛད་སྦེ་ རྒྱལ་སྲིད་སྐྱོང་སྟེ་དགའ་ཏོག་ཏོ་དང་སྐྱིད་ཏོང་ཏོ་སྦེ་བཞུགས་ནུག་གོ། །། རྒྱལ་པོ་ཆོས་སྒྲ་དབང་པོ། ཧེ་མ་ རྒྱལཔོ་ཆོས་སྒྲ་དབང་པོ་ ཟེར་མི་ཅིག་བཞུགས་ཡོདཔ་མས། རྒྱལཔོ་ཆོས་སྒྲ་དབང་པོ་གིས་ ནམ་ཅིག་འབདཝ་ད་ མི་རིག་པ་ཅན་ཅིག་ འཚོལ་དགོ་པའི་ཐུགས་བཞེད་གནང་ནུག། དེ་གི་དོན་ལུ་ གཡུས་དེ་ནང་ཡོད་མིའི་ཨ་ལུ་ཚུ་ག་ར་རྒྱལ་པོའི་ཕོ་བྲང་ནང་ འབོ་ཞིནམ་ལས་ བཞེས་སྒོ་ཞིམ་ཏོང་ཏོ་ ལྷམ་པ་མ་འདྲཝ་ལེ་ཤ་ཅིག་ ཟ་བཅུག་བཅུགཔ་མས། དེ་ལས་ ཨ་ལུ་རེ་རེ་སྦེ་ སྐུ་མདུན་ལུ་བཙུགས་ཏེ་ བཞེས་སྒོ་ཚུ་ལས་ ག་ཅི་ར་ཞིམ་མས་གོ་ཟེར་འདྲིཝ་ད་ ཨ་ལུ་ཚུ་གིས་ རང་ར་སོ་སོའི་ཁ་ལུ་ཞིམ་མི་གི་ཟས་ལས་ ལ་ལུ་གིས་ལྟོ་དང་སྤགས། ལ་ལུ་གིས་ ཇ་དང་འཛརཝ། ལ་ལུ་གིས་མར་དང་དར་ཚི་ཚུ་ ཞིམ་པས་ཟེར་ཞུ་ནུག། མཇུག་ལུ་ར་ སྤྱང་ཀའི་ཨ་ལུ་ཅིག་གིས་ ངེའི་ཁ་ལུ་ཞིམ་མིའི་ཟས་འདི་ རྒྱལ་པོའི་ཕོ་བྲང་ནང་ མིན་འདུག་ཟེར་ཞུཝ་ད་ རྒྱལཔོ་གིས་ ཁྱོད་ལུ་ཞིམ་མིའི་ཟས་འདི་ ག་ཅི་སྨོ་ཟེར་གསུངས་ནུག། ཁོ་གིས་ལྟོ་བཀྱེས་པའི་ཁ་ལུ་ ཐུགཔ་འབད་རུང་ཞིམ་ དེ་མིན་འདུག་ ཟེར་ཞུཝ་ད་ རྒྱལཔོ་གིས་ ག་ནི་ཡང་མ་གསུངས་པས། དེ་གི་ནངས་པ་ དོ་རུང་ རྒྱལཔོ་ཆོས་སྒྲ་དབང་པོ་གིས་ ཨ་ལུ་ག་ར་འབོ་སྟེ་ ཨ་ལུ་རེ་རེའི་ལག་པ་ལུ་ རྡོ་ལེབ་སྲབ་ཁེག་ཁེ་རེ་སྤྲོད་ཞིནམ་ལས་ ནངས་པ་དྲོ་པ་དངུལ་ཁུག་བཙེམས་ཏེ་ འབག་ཤོག་ཟེར་གསུངས་བཏང་ནུག། ཨ་ལུ་ཚུ་ རང་ར་སོ་སོའི་ཁྱིམ་ནང་སོང་སྦེ་ ག་ལུ་དྲིས་རུང་ རྡོ་ལེབ་འདི་ དངུལ་ཁུག་བཙེམ་ནིའི་གནས་སྐབས་མ་ཐོབ་པས། ནངས་པ་དྲོ་པ་ ཨ་ལུ་ཚུ་ལུ་ རྒྱལཔོ་གིས་ ངེའི་རྡོ་ལེབ་འདི་ དངུལ་ཁུག་བཙེམས་འབག་འོངས་ཡི་ག་ཟེར་གསུངམ་ད་ ཨ་ལུ་གཞན་ག་ར་ གནམ་མེད་ས་མེད་འདྲོགས་ཏེ་ ག་ནི་ཡང་ཞུ་མ་ཚུགས་པས། མཇུག་ར་སྤྱང་ཀའི་བུཚ་འདི་སྡོད་སྦེ་ གཞན་ང་གིས་ རྡོ་ལེབ་འདི་ དངུལ་ཁུག་བཙེམ་ནི་ཟེརཝ་ད་ སྐུདཔ་མ་ཐོབ་པར་ལུས་སོ་ཡི། རྒྱལཔོ་ཁྱོད་ར་གིས་ སྐུདཔ་ཅིག་འཁལ་གནང་དགོ་པས་ཟེར་བྱེམ་ལྟོ་རས་གང་ རྒྱལཔོ་ལུ་ཕུལ་ནུག། རྒྱལཔོ་གིས་ བྱེམ་གིས་སྐུདཔ་འཁལ་ཡི་ཟེར་ ག་ཏེ་ཡོདཔ་སྨོ་ཟེར་གསུངམ་ད་ ཨ་ལུ་འདི་གིས་ཡང་ རྡོ་ལེབ་དངུལ་ཁུག་བཙེམ་མི་ཟེརཝ་ཡང་ མ་གོ་ལགས་ཟེར་ཞུ་ནུག། དེ་ལུ་ རྒྱལཔོ་ག་ནི་ཡང་གསུང་མ་ཚུགས་པས། རྒྱལཔོ་གི་ཐུགས་བཞེད་ལུ་ བུཚ་འདི་ རིག་པ་ཚ་དྲགས་ཅིག་ཨིན་མས་ཟེར་མནོ་སྟེ་ སྤྱང་ཀའི་བུ་དེ་ལུ་ བོང་ཀུ་ཅིག་སྤྲོད་སྦེ་ ཁྱོད་ཀྱི་ཨ་པ་ལུ་ ཨ་ནཱི་བོང་ཀུ་གི་ཕྱུ་གུ་ཅིག་ འཚར་བཅུག་ཞིནམ་ལས་ ཕུལ་བར་ཤོག་ཟེར་ སླབ་སྨ་རེ་ཟེར་གསུངས་ཏེ་ དུས་སྟབས་བཟོ་སྟེ་བཏང་ད་ནུག། བུཚ་དེ་གིས་ཡང་ ལགས་སོ་ཟེར་ཞུ་སྟེ་བོང་ཀུ་དེ་ བདའ་སྦེ་ལོག་སོ་ནུག། ཁྱིམ་ནང་ལྷོདཔ་ད་ ཨ་པ་གི་མནོ་བསམ་ལུ་ ངེའི་བུ་གིས་ ད་རིས་འབདན་ རྒྱལཔོ་ལས་ གསོལ་ར་བོང་ཀུ་ཅིག་ཡང་ ཐོབ་ཆི་ནུག་ཟེར་མནོ་སྡོདཔ་ད་ བུཚ་དེ་གིས་ ཨ་པ་ལུ་ བོང་ཀུ་ཕྱུ་གུ་འཚར་སྦེ་ ལོག་ཕུལ་བར་གཏང་ཟེར་ བཀའ་གནང་ཡི་ཟེར་སླབ་སླབ་མས། ཨ་པ་འདི་ གནམ་མེད་ས་མེད་ནང་དོག་སྟེ་ ག་དེ་སྦེ་ འབདཝ་དྲག་ག་ཟེར་སླབ་ད་ བུཚ་དེ་གིས་ ཨ་པ་ནང་དོག་མི་དགོ། ག་དེ་སྦེ་འབད་རུང་ ང་ར་གིས་འབད་གེ་ཟེར་སླབ་ནུག། དེ་ལས་ དུས་སྟབས་རནམ་ད་ བུཚ་དེ་གིས་ བོང་ཀུ་ལས་ ཕྱུ་གུ་འཚར་ནི་ཕར་བཞག་ ཁོ་རའི་ཨཔ་ཡང་མ་ཁྱིད་པར་ ཁོ་ར་རྐྱངམ་གཅིག་ རྒྱལཔོ་བཞུགས་སར་འགྱོ་ནུག། རྒྱལཔོ་གིས་ བོང་ཀུ་གིས་ཕྱུ་གུ་འཚར་ཡི་ག་ ཁྱོད་ཀྱི་ཨ་པ་ཀྭ་ལས་ ཟེར་གསུངམ་ད་ ཨ་ལུ་འདི་གིས་ ཨ་པ་ཨ་ལུ་སྐྱེ་ནི་སྦེ་ གཟུགས་མ་བདེ་བར་ འོང་མ་ཚུགས་ལགས་ཟེར་ཞུ་ནུག། རྒྱལཔོ་གིས་ ཕོ་རྒྱ་གིས་ཡང་ ཨ་ལུ་སྐྱེ་ནི་ཡོད་ག་ཟེར་འདྲིཝ་ད་ ཨ་ལུ་གིས་ ཕོ་རྒྱ་གིས་ཨ་ལུ་མ་སྐྱེ་བ་ཅིན་ བོང་ཀུ་གིས་ཡང་ ཕྱུ་གུ་ག་དེ་སྦེ་འཚར་ནི་སྨོ་ཟེར་ཞུཝ་ད་ རྒྱལཔོ་གནམ་མེད་ས་མེད་ ཐུགས་མཉེས་ཏེ་ བུཚ་དེ་ རྒྱལཔོ་ཁོ་ར་གི་བློན་པོ་སྦེ་བཀལ་དཔ་ལས་ སྤྱང་ཀའི་བུ་དེ་ཡང་ དེ་ལས་ ཟ་མ་ཚར་ འཐུང་མ་ཚར་བར་ དགའ་ཏོག་ཏོ་སྦེ་སྡོད་ནི་ཐོབ་ནུག་གོ། །། དྭཝ་བུཚ། ཧེ་མ་ གཡུས་ཅིག་ནང་ ཨའི་ཅིག་དང་ བུ་ཅིག་སྡོད་ཡོདཔ་མས། ཁོང་གཉིས་ཨ་རྟག་ར་ ཨའི་གིས་སླབ་མི་འདི་ བུ་གིས་ཉན། བུ་གིས་སླབ་མི་འདི་ ཨའི་གིས་ཉན་སྦེ་སྡོད་དོ་ཡོདཔ་མས། དྲོཔ་ཅིག་འབདཝ་ད་ ཨའི་གིས་ བུ་དེ་ལུ་ ལོངས་ལོངས་ཟེར་ ག་དེམ་ཅིག་ལྷོང་རུང་ ལོང་མ་བཏུབ་པར་ཉལ་སྡོད་ནུག། དེ་ལས་ ཨའི་ཙིགཔ་ཟ་སྟེ་ བུ་འདི་གུར་ འཁརཝ་གིས་དྲངས་བྱིནམ་ད་ བུ་འདི་ཡང་ ཡར་ལོངས་སྦེ་ གཡུས་གཞན་ཅིག་ཁར་བྱོག་ཡར་སོ་ནུག། བུ་འདི་ བྱོག་འགྱོ་བའི་ལམ་ཁར་ ལུངམ་ཅིག་ནང་ལྷོདཔ་ད་ རྟ་ཤི་ཤིཝ་གི་རོ་ཅིག་མཐོང་ནུག། བུ་འདི་གིས་ རྟ་རོ་འདི་གི་མགུ་ཏོ་ བཏོགས་སྦེ་འབག་ཡར་སོ་ནུག། ཡུདཔ་ཅིག་ཁ་ལས་ གནམ་བསྲོ་སྟེ་ ཉལ་ས་ག་ཏེ་ཡང་མ་ཐོབ་པར་ ཤིང་གུར་འཛེགས་སྦེ་སྡོད་སྡོདཔ་མས། ཨ་ཙི་ཅིག་ཁ་ལས་ ཁོ་ཉལ་སའི་ཤིང་གི་འོག་ལུ་ འདྲེ་ལེ་ཤ་ཅིག་འཛོམས་ཏེ་ ལྟོ་ཟ་སར་མཐོང་སྟེ་ ཁོ་གནམ་མེད་ས་མེད་འདྲོགས་ཆི་ནུག། ཁོ་འདྲོགས་པའི་ཤུགས་ཀྱིས་ རྟའི་མགུ་ཏོ་འདི་ ལག་པ་ལས་ཤོར་སོ་ནུག། རྟའི་མགུ་ཏོ་འདི་ འདྲེ་ཚུ་ལྟོ་ཟ་སའི་སྦུག་ལུ་ར་བོག་བཏང་སྟེ་ བུད་སོངམ་ད་ འདྲེ་ཚུ་ག་ར་འདྲོགས་ཏེ་བྱོག་ཡར་སོ་ནུག། ནངས་པ་དྲོ་པ་ གནམ་སྐྱ་སེང་བཏངམ་ཅིག་ ཁོ་ཤིང་མགུ་ལས་མར་བབས་ལྟཝ་ད་ མདངམ་ཕྱི་རུ་ འདྲེ་ཚུ་ ལྟོ་ཟ་ས་དེ་ནང་ར་ གསེར་གྱི་ཕོརཔ་ཅིག་མཐོང་ནུག། གསེར་གྱི་ཕོརཔ་འདི་ནང་ལས་ བཞེས་སྒོ་ལྟོ་དང་སྤགས་ཚུ་ ག་ཅི་ར་དགོ་རུང་སླབ་ཅིག་འཐོན་དོ་ཡོདཔ་ཨིན་མས། དེ་ལས་ དྭཝ་བུཚ་ དེ་ནང་ལས་ ཕར་འགྱོཝ་ད་ ཕོ་རྒྱ་ལག་པར་རྟས་ཐག་འབག་མི་ཅིག་དང་ཕྱད་ནུག། དྭཝ་བུཚ་དེ་གིས་ མི་དེ་ལུ་ ཁྱོད་ཀྱི་རྟས་ཐག་འདི་ ག་ཅི་འབད་ནི་སྨོ་ཟེར་འདྲིཝ་ད་ མི་དེ་གིས་ ངེའི་རྟས་ཐག་དེ་གིས་ དབའི་ ཨ་ཕི་མི་དེ་གསད་ཤིག་ཟེར་ཚར་རེ་སླབ་ད་ མི་རེ་རེ་གསདཔ་ཨིན་ཟེར་སླབ་ནུག། དེ་ལས་ ཁོ་གིས་ གསེར་གྱི་ཕོརཔ་འདི་སྟོན་སྦེ་ ངེའི་གསེར་གྱི་ཕོརཔ་འདི་ནང་ལས་ བཞེས་སྒོ་ག་ཅི་དགོཔ་ཅིག་ འཐོནམ་ཨིན་ཟེར་སླབ་ད་ མི་དེ་ གསེར་གྱི་ཕོརཔ་ལུ་སེམས་ཤོར་ནུག། དྭཝ་བུཚ་གིས་ ཁྱོད་ཀྱི་རྟས་ཐག་དང་ སོར་ན་ཟེར་སླབ་ད་ མི་དེ་དགའ་དྲགས་ཏེ་ ཁོའི་རྟས་ཐག་དང་ དྭཝ་བུཚ་གི་གསེར་གྱི་ཕོརཔ་གཉིས་སོར་ད་ནུག། མི་དེ་ ཕར་དེ་ཅིག་ཁར་ལྷོདཔ་ད་ དྭཝ་བུཚ་གིས་ རྟས་ཐག་དེ་ལུ་ ཨ་ཕི་མི་དེ་ གསད་ཤིག་ཟེར་སླབ་ད་ རྟས་ཐག་གིས་ ཕར་སོང་སྟེ་མི་དེ་བསད་སྦེ་ རྟས་ཐག་དང་ གསེར་གྱི་ཕོརཔ་གཉིས་ཆ་ར་ དྭཝ་བུཚ་གིས་འབག་སྦེ་ཡར་སོ་ནུག། དྭཝ་བུཚ་འདི་ ནཱ་ལས་ཕར་འགྱོཝ་ད་ དོ་རུང་ ཕོ་རྒྱ་ལྕགས་ཀྱི་ཐོཝ་འབག་མི་ཅིག་དང་ཕྱད་ནུགདྭཝ་བུཚ་གིས་ མི་དེ་ལུ་ ཁྱོད་ཀྱི་ལྕགས་ཀྱི་ཐོཝ་འདི་ ག་ཅི་འབད་བཏུབ་ཟེར་འདྲིཝ་ད་ མི་དེ་གིས་ ཐོཝ་འདི་གིས་ ས་ཁར་ཚར་རེ་རྡུངམ་ད་ ཁྱིམ་ཐོག་རེ་རྐྱབ་ཚུགསཔ་ཨིན་ཟེར་སླབ་སླབ་མས། དྭཝ་བུཚ་གིས་ ཧེ་མ་བཟུམ་སྦེ་ར་ གསེར་གྱི་ཕོརཔ་དང་སོར། རྟས་ཐག་གིས་བསད་སྦེ་ ལྕགས་ཀྱི་ཐོཝ་དང་ རྟས་ཐག་ གསེར་གྱི་ཕོརཔ་གསུམ་ཆ་ར་ དྭཝ་བུཚ་གིས་འབག་ཡར་སོ་ནུག། དྭཝ་བུཚ་ འདི་ནང་ལས་ཕར་འགྱོཝ་ད་ དོ་རུང་ ཕོ་རྒྱ་ར་ལྤགས་འབག་མི་ཅིག་དང་ཕྱད་ནུག། དྭཝ་བུཚ་གིས་ ཧེ་མ་བཟུམ་སྦེ་ར་ ཁྱོད་ཀྱི་ར་ལྤགས་འདི་ ག་ཅི་བཏུབ་ཟེར་འདྲིཝ་ད་ མི་དེ་གིས་ ངེའི་ར་ལྤགས་འདི་ ཡར་དང་མར་ཨ་ཙི་རེ་གཡུགཔ་ད་ ཆརཔ་ཨ་ཙི་རེ་རྐྱབ་ཨིན། ཨ་ཙི་མང་སུ་མང་སུ་གཡུགཔ་ད་ ཆརཔ་གནམ་མེད་ས་མེད་ཤུགས་སྦེ་ རྐྱབ་ཨིན་ཟེར་སླབ་ད་ དྭཝ་བུཚ་གིས་ ཧེ་མ་བཟུམ་སྦེ་ར་ གསེར་གྱི་ཕོརཔ་དང་སོར། རྟས་ཐག་གིས་བསད་སྦེ་ ར་ལྤགས་འདི་ཡང་ དྭཝ་བུཚ་གིས་འབག་ཡར་སོ་ནུག། དེ་ལས་ དྭཝ་བུཚ་དེ་གིས་ ཁོ་ར་གི་ཁྱིམ་ནང་སོང་ཞིནམ་ལས་ ཨའི་འདི་ཡང་ཁྱིད་སྦེ་བཤལ་ཏེ་འགྱོཝ་ད་ ཡུདཔ་ཅིག་ཁ་ལས་ རྒྱལ་ཁབ་གཞན་ཅིག་གི་རྒྱལ་པོའི་ཕོ་བྲང་རྩ་བར་ལྷོད་ལྷོདཔ་མས། རྒྱལ་པོའི་ཕོ་བྲང་གི་ལྟག་ལུ་ ས་ག་ནི་བ་ཉམས་དགའཝ་ཅིག་ནང་སོང་སྟེ་ ཕྱི་རུ་ མི་ག་ར་ཉལ་ཚརཝ་ད་ ཁོ་གི་ཐོཝ་འདི་ ཚར་དགུ་བརྡུངས་ཏེ་ ལྕགས་ཀྱི་ཁྱིམ་ཐོག་དགུ་འབད་མི་ཅིག་རྐྱབ། ཡར་ཐོག་ཁར་ཁོ་ར་ཉལ། འོག་ཐོག་ལུ་ཨའི་ཉལ་བཅུག་སྦེ་ བཞེས་སྒོ་ག་ཅི་དགོཔ་ གསེར་གྱི་ཕོརཔ་ནང་ལས་ཟ་སྦེ་སྡོད་སྡོདཔ་མས། དེ་གི་ནངས་པ་དྲོ་པ་ རྒྱལཔོ་གིས་ ངེའི་གླིང་ག་ནང་ མི་ག་ཡང་འོང་མི་ཆོག ལྕགས་ཀྱི་ཁྱིམ་ཐོག་དགུ་རྐྱབ་མི་འདི་ ག་ཨིན་ན་ཟེར་ བལྟ་བར་བཏང་དཔ་མས། བློན་པོ་དེ་གིས་ དྭཝ་བུཚ་མ་སྨད་གཉིས་ཨིན་མསཟེར་ཞུཝ་ད་ རྒྱལཔོ་གནམ་མེད་ས་མེད་དགོངསམ་ཁྲེལ་ཏེ་ ཁྱིམ་དེ་མེ་སྤར་གཏང་ད་ ཟེར་བཀའ་གནང་ནུག། དེ་ལས་ བློན་པོ་གིས་ རྒྱལ་པོའི་མངའ་འོག་གི་མི་སེར་རེ་ལས་ ཤིང་ཁུར་ཆ་རེ་བསྡུ་ཞིནམ་ལས་ དྭཝ་བུཚ་གི་ལྕགས་ཀྱི་ཁྱིམ་ག་ར་ཤིང་གིས་སྤུར་ཏེ་ མེ་སྤར་བཏང་ད་ནུག། དེ་ལས་ དྭཝ་བུཚ་གི་ཁྱིམ་མེ་འབར་ཏེ་ འོག་ཐོག་ལུ་ ཨའི་འཚིག་ནི་བཟུམ་འབད་རུང་ ཁོ་ར་ཐོག་ཁ་ལུ་ ཉལ་སྡོད་དེ་ གཉིད་ར་མ་ཚོར་བས། ཡུདཔ་ཅིག་ཁ་ལས་ ཨའི་གིས་ བྱེལ་སྐད་དེ་ར་རྐྱབ་ནི་དེ་གིས་ ཁོ་གཉིད་ཚོར་ལྟཝ་ད་ ཁོའི་ལྕགས་ཀྱི་ཁྱིམ་ མེ་གིས་འཚིག་ནི་བཟུམ་ འབདཝ་མས་ཟེར་ཨིན་མས། དེ་ལས་ ཁོ་གིས་ར་ལྤགས་འབག་སྟེ་ ལྕགས་ཀྱི་ཁྱིམ་ཐོག་དགུའི་ཐོག་ཁར་འཛེགས་ཏེ་ ཤུགས་སྦེ་གསིགས་བཏང་ད་ནུག། དེ་གིས་ གནམ་ཁ་ལས་ཆརཔ་རྐྱབ་སྟེ་ ཁྱིམ་པད་སྐོར་འགྱིར་ཏེ་ འབར་མི་གི་མེ་ག་ར་བསད་བཏང་ད་ནུག། དོ་རུང་ ཁོ་གིས་ ར་ལྤགས་ཤུགས་སྦེ་གསིགས་པའི་བསྒང་ལས་ ཆརཔ་གནམ་མེད་ས་མེད་རྐྱབ་སྟེ་ ལྕགས་ཀྱི་ཁྱིམ་ཐོག་དགུ་མ་དེའི་འོག་ལས་མར་ ཆུ་རུད་སྦོམ་སྦེ་ཐོན་ཏེ་ རྒྱལ་པོའི་ཕོ་བྲང་ཡང་ ཆུ་རུད་ཀྱིས་འཕྱགས་བདའ་ཆི་ནུག། དེ་ལས་ མི་ཚུ་གིས་ དྭཝ་བུཚ་དེ་ གཡུས་དེ་ནང་གི་རྒྱལཔོ་བཀལ་སྦེ་ ཨའི་དང་བུ་གཉིས་ དགའ་ཏོག་ཏོ་སྦེ་སྡོད་ནུག་གོ། །། སྦུལ་གྱི་དངོས་གྲུབ། ཧེ་མ་ གཡུས་སྦོམ་ཅིག་ནང་ སྤྱང་ཀའི་བུམོ་ཅིག་དང་ ཕྱུག་པོའི་བུམོ་ཅིག་ཡོདཔ་མས། སྤྱང་ཀའི་བུམོ་གི་མིང་འདི་ ཆོས་སྒྲོན་དང་ ཕྱུག་པོའི་བུམོ་གི་མིང་འདི་ གཡང་སྒྲོན་ཟེར་སླབ་ཨིན་མས། ནམ་གཅིག་འབདཝ་ད་ ཕྱུག་པོའི་བུམོ་དེ་གིས་ སྤྱང་ཀའི་བུམོ་ལུ་ ནགས་སྐྱེས་བཅག་པར་འགྱོ་གེ་ཟེར་སླབ་ད་ སྤྱང་ཀའི་བུམོ་དེ་གིས་ བཏུབ་ཟེར་སླབ་སྦེ་ ཁོང་གཉིས་ ནགས་སྐྱེས་བཅག་པར་མཉམ་གཅིག་སོང་ནུག། ཁོང་གཉིས་ སྤང་ཐང་སྦོམ་ཅིག་ནང་ལྷོདཔ་ད་ ཐང་དེ་ནང་ལུ་ ནགས་སྐྱེས་ལེ་ཤ་འདུག་ཟེར་ཨིན་མས། དེ་ཡང་ སྦུག་ལུ་ནགས་སྐྱེས་རྒྱགས་པ་ལ་ལེགས་ཤོམ་དང་ མཐའམ་བདའ་སྟེ་ ནགས་སྐྱེས་ཕྱ་ཀྲིང་ཀྲི་སྦེ་སྐྱེས་ཏེ་ཡོདཔ་མས། དེ་ལས་ ཕྱུག་པོའི་བུམོ་དེ་གིས་ སྤྱང་ཀའི་བུམོ་དེ་ལུ་ མཐའ་མ་ལས་བཅག་ཟེར་སླབ་སྟེ་ སྐྱོ་ས་ལས་བཅག་བཅུག་བཅུགཔ་མས། སྤྱང་ཀའི་བུམོ་དེ་ ཁུར་ཆ་ལངས་ཏེ་ ལྟོ་ཟ་གེ་ཟེརཝ་ད་ ཕྱུག་པོའི་བུམོ་གིས་ ངེའི་ཁུར་ཆ་ར་མ་ལངས་ རུབ་སྟེ་བཅག་ཟེར་སླབ་སྟེ་ བཅག་བཅུག་བཅུགཔ་མས། དེ་ལས་ ལྟོ་ཟ་ནི་སྦེ་ལྟོ་བཏོནམ་ད་ སྤྱང་ཀའི་བུམོ་གི་ལྟོ་འདི་ ལྟེ་ཟས་དང་ ཕྱུག་པོའི་བུམོ་དེ་གི་ལྟོ་འདི་ ལྟོ་དང་སྤགས་ཨིན་མསལོ། དེ་ལས་ ཕྱུག་པོའི་བུམོ་དེ་གིས་ ང་བཅས་ར་གཉིས་ ལྟོ་གཅིག་ཁར་ མ་ཟ་གེ་ཟེར་སླབ་སྟེ་ རང་རང་སོ་སོ་སྦེ་ཟ་དགོཔ་བྱུང་ནུག། དེ་ལས་ ཁོང་གཉིས་ནགས་སྐྱེས་འབག་སྦེ་ ཁྱིམ་ནང་ལོག་འགྱོཝ་ད་ ལམ་ཁ་ལུ་ ཕྱུག་པོའི་བུམོ་ ཁུར་ཆ་མ་ཐེག་པར་ སྤྱང་ཀའི་བུམོ་གིས་ རུབ་འབག་དགོཔ་ཐོན་སོ་ནུག། དེ་ལས་ དེ་གི་ནངས་པ་ དོ་རུང་ ཁོང་གཉིས་ནགས་སྐྱེས་བཅག་པར་འགྱོཝ་ད་ ཕྱུག་པོའི་བུམོ་གིས་ ཁ་ཙ་གི་ནགས་སྐྱེས་ཡོད་སར་ ང་འགྱོ་ནི་ཨིན། ཁྱོད་ར་ ས་ཆ་སོ་སོ་ཁར་ སོང་ཟེར་སླབ་སྟེ་ སྤྱང་ཀའི་བུམོ་དེ་ ལམ་སོ་སོ་ཅིག་ཁ་ལས་ཕར་བཏང་ནུག། སྤྱང་ཀའི་བུམོ་དེ་ ནཱ་ལས་ཕར་འགྱོཝ་ད་ ལམ་ཁར་སྦུལ་དཀརཔོ་སྦོམ་ཅིག་དང་ཕྱད་ནུག། བུམོ་དེ་འདྲོགས་ཏེ་ མོ་ར་ཉིན་མ་གི་ལྟོ་སྦེ་འབག་མི་ ཨོམ་དམ་སྦྱིས་གང་འབད་མི་འདི་ཡང་ སྦུལ་འདི་ལུ་འཐུང་བཅུག་ནུག། དེ་ལས་ སྦུལ་དེ་གིས་ སྤྱང་ཀའི་བུམོ་དེ་ ཆུ་ཅིག་གི་མཐའ་མར་ཁྱིད་སྦེ་ རྡོ་ཧོ་ཡུག་ཡུ་ གཞན་དང་མ་འདྲཝ་ཅིག་བྱིན་ནུག། བུམོ་འདི་ ནགས་སྐྱེས་ཡང་མ་འཚོལ་བར་ རྡོ་འདི་འབག་སྦེ་ ཁྱིམ་ནང་ལོག་སོངམ་ད་ ཨཔ་དང་ཨའི་གིས་ བུམོ་འདི་ ད་རིས་ ནགས་སྐྱེས་ཡང་འབག་འོང་ནི་མིན་འདུག། ག་ཅི་འབད་དཔ་སྨོ་ཟེར་དྲིས་ནུག། བུམོ་གིས་ ད་རིས་ གཟུགས་ཅིག་ཡང་མ་བདེ་ཟེར་སླབ་སྟེ་ རྡོ་འདི་ཡང་ མལ་ཆ་ནང་བཙུགས་སྦེ་ ཉལ་སྡོད་དཔ་མས། ནངས་པ་དྲོ་པ་ གནམ་ནངསམ་ད་འབད་ཚེ་ མལ་ཆ་ནང་གི་རྡོ་འདི་ ཕོ་རྒྱ་འཇའ་རིསམོ་ཅིག་ལུ་གྱུར། མོ་ར་ཉལ་སའི་ཁྱིམ་འདི་ཡང་ རྒྱལ་པོའི་ཕོ་བྲང་ག་ནི་བ་ ཉམས་དགའ་ཏོག་ཏོ་ཅིག་ལུ་གྱུར། རྒྱལ་པོའི་ཕོ་བྲང་ནང་ན་ རྒྱུ་ནོར་ལོངས་སྤྱོད་ག་ནི་ལས་ ཕུན་སུམ་ཚོགསཔ་སྦེ་ གྱུར་སྡོད་ནུག་ཟེར་ཨིན་མས། དེ་གི་ནངས་པ་ ཕྱུག་པོའི་བུམོ་དེ་ ཕྲག་དོག་ལངས་ཏེ་ མོ་ འདི་བཟུམ་ག་དེ་སྦེ་གྱུར་སོཔ་ཨིན་ན་ ང་ལུ་ཡང་སླབ་གནང་ཟེར་སླབ་ད་ བུམོ་དེ་གིས་ རྒྱས་ཤིང་རྒྱསཔ་སྦེ་སླབ་བྱིན་བྱིནམ་མས། དེ་ལས་ ཕྱུག་པོའི་བུམོ་འདི་ཡང་ ཨོམ་དམ་སྦྱིས་ཅིག་འབག་སྦེ་ སྤྱང་ཀའི་བུམོ་ ནགས་སྐྱེས་འཚོལ་བར་འགྱོ་སའི་ལམ་བདའ་སྟེ་ བལྟ་བར་སོང་སོངམ་མས། ཡར་ ནགས་ཚལ་སྦུག་ན་ལྷོདཔ་ད་ སྦུལ་གནགཔོ་ཅིག་དང་ ཕྱད་ཅི་ཟེར་ཨིན་མས། མོ་གིས་ཡང་ ཨོམ་འདི་འཐུང་བཅུགཔ་ད་ སྦུལ་གྱིས་ མོ་ཁྱིད་དེ་ ཆུ་ཅིག་གི་ནང་ན་ལས་ རྡོ་གནགཔོ་ཅིག་ བཏོན་བྱིན་དེས་ཟེར་ཨིན་མས། དེ་ལས་ ཕྱུག་པོའི་བུམོ་དེ་གིས་ དངོས་གྲུབ་ཐོབ་ཅི་མནོ་སྟེ་ ལོག་འོངས་སྦེ་ རྡོ་འདི་ མལ་ཆ་ནང་ན་བཙུགས་ཏེ་ ཉལ་སྡོད་སྡོདཔ་མས། ནུབ་ཕྱེད་དེ་ཅིག་ཁར་ རྡོ་གནགཔོ་འདི་གིས་ སྦུལ་གནགཔོ་ཅིག་ལུ་གྱུར་ཏེ་ ཕྱུག་པོའི་བུམོ་དེ་གི་གཟུགས་ཁར་དཀྱིས་ཏེ་ གཏང་མ་བཏུབ་པར་ དྲོ་པ་འབདཝ་ད་ ཕྱུག་པོའི་བུམོ་དེ་ ཤི་སོ་ནུག་གོ། །། ཤིག་དང་ཀི་ཤིག། ཧེ་མ་ དུས་ཅིག་ལུ་ ཤིག་ ཁྲ་ཅུང་དལ་མོ་ཟེར་མི་ཅིག་དང་ ཀི་ཤིག་ གནམ་མཆོང་རྒྱལ་མོ་ཟེར་མི་གཉིས་ ལྟོ་ཚང་བཟུང་སྟེ་སྡོད་སྡོདཔ་མས། ཉིནམ་ཅིག་ ཁོང་གཉིས་ ཐུགཔ་རྫམ་གང་བསྐོལ་སྦེ་ འཐུང་རནམ་ད་ ཀི་ཤིག་གིས་ཐུགཔ་འདི་ ཁོ་ར་རྐྱངམ་གཅིག་ འཐུང་ནིའི་གནས་སྐབས་འགྱིར་ཏེ་ ཤིག་ལུ་སླབ་ནུག། དབའི་ ཁྲ་ཅུང་དལ་མོ་ ང་གིས་གནས་སྐབས་ཅིག་ཤེས་ཅི། ང་བཅས་ར་གཉིས་ཀྱི་ཐུགཔ་འདི་ ད་ལྟོ་མ་འཐུངས་པར་ངལ་བཅུག་གེ། ང་བཅས་ར་གཉིས་ ཤིང་ཁུར་ཆ་རེ་ ལེན་པར་འགྱོ་ཞིནམ་ལས་ འཐུངས་པ་ཅིན་ ཞིམ་ཟེར་སླབ་སླབ་མས། དེ་ལས་ ཁྲ་ཅུང་དལ་མོ་གིས་ཡང་ བཏུབ་ཟེར་ཁ་འཆམས་ཏེ་ གཉིས་ཆ་ར་ཤིང་ལེན་པར་ ཡར་སོ་ནུག། དེ་ལས་ ཀི་ཤིག་གནམ་མཆོང་རྒྱལམོ་གི་མནོ་བསམ་ལུ་ ད་རིས་འབདན་ ངེ་གི་གནས་སྐབས་འདི་ གནམ་མེད་ས་མེད་ལེགས་ཤོམ་སོང་ཡི། ཁྲ་ཅུང་དལ་མོའི་གོམ་ཐེངས་ཁལ་ལྔ་གིས་ ངེ་གི་གོམ་པ་ཕྱེད་ཀ་ཡང་མི་འོང་། ང་གིས་ ཤིང་ཁུར་འབག་སྟེ་ ཧེ་མ་ལོག་འོངས་ཞིནམ་ལས་ ཐུགཔ་རྫམ་གངམ་དེ་ ཧུམ་ཆི་ཆི་སྦེ་རྐྱབ་གེ་ནོ། དེ་ཅིག་ར་ཨིན་ཟེར་མནོ་ནུག། དེ་ལས་ ཁོང་གཉིས་ཆ་ར་ ཤིང་ཁུར་ཆ་རེ་ཐོབ་ཞིནམ་ལས་ ལོག་འོངམ་ད་ གནམ་མཆོང་རྒྱལམོ་དེ་ ཤིང་ཁུར་འབག་སྟེ་ གནམ་ཁར་ཚར་རེ་མཆོངམ་ད་ ཤིང་ཁུར་ཚར་རེ་ལུགད་རུང་ ཤིང་ཁུར་བསྡམས་ཏེ་ཚར་གཅིག་མཆོངམ་ད་ ད་རུང་ ཤིང་ཁུར་ཚར་རེ་ལུག་སྟེ་ཤིང་ཁུར་བསྡམས་ཡི་ར་འོངས་འོངསམ་མས། ཁྲ་ཅུང་དལ་མོ་གིས་ འགྲོས་ཀྱིས་བཏང་སྟེ་ཤ་ར་ར་འོངསམ་ལས་ ཁྱིམ་ནང་ཧེ་མ་ལྷོད་དེ་ ཐུགཔ་འདི་ག་ར་ དྭངས་འཕྲོས་འཕྲོས་སྦེ་འཐུངས། པྱེ་ཏ་ཡང་ལྕེ་གིས་བལྡགས་སྦེ་ ཕོཝ་ སྦོ་ལྡིར་ལྡིར་བཟོ་སྟེ་ སྒོའི་སེར་གུ་ནང་ལས་ གཡིབས་ལྟཝ་ད་འབད་ཚེ་ གནམ་མཆོང་རྒྱལ་མོ་ འཚབ་འཚབ་ར་འདྲཝ་སྦེ་འོང་དེས་ཟེར་ཨིན་མས། གནམ་མཆོང་རྒྱལ་མོ་དེ་ ཤིང་ཁུར་ ཁྱིམ་གྱི་གདོང་ཁར་ བཀོ་ལོང་ཡང་མེད་པར་བརྒྱུགས་ཏེ་ ཁྱིམ་ནང་བལྟ་བར་འགྱོཝ་ད་ ཐུགཔ་འདི་ ཨ་ཙི་ཅིག་ཡང་མ་བཞག་པར་ དྭངས་འཕྲོས་འཕྲོས་བཟོ་ད་ནུག་ཟེར་ཨིན་མས། གནམ་མཆོང་རྒྱལ་མོ་ཙིགཔ་ཟ། ཞེ་སྡང་མེ་བཟུམ་འབར་ཏེ་ ཐབ་ནང་ལས་མེ་མགལ་ཅིག་འཐུ་འབག་འགྱོཝ་ཅིག་ སྒོའི་རྒྱབ་ཁར་ཁྲ་ཅུང་དལ་མོ་གི་བྱང་ཏོ་གུར་ དབུར་བཏང་ད་ནུག། ཀི་ཤིག་གནམ་མཆོང་རྒྱལ་མོའིགདུག་རྩུབ་ལུ་བལྟ་སྟེ་ ཁྲ་ཅུང་དལ་མོ་ཡང་བཟོད་མ་ཚུགས་པར་ ཤིང་འཐུ་བར་འགྱོ་ནིའི་གྱོས་སྐོར་དང་པ་འཚོལ་མི་ཁྱོད་ར་ཨིན། ཚགས་ཁར་ཁྱོད་ར་མ་ཚུད་པར་ སྡུག་ཚིག་ང་ལུ་ཟ་སྟེ་ག་ཅི་སྨོ་ཟེར་ ཀི་ཤིག་གནམ་མཆོང་རྒྱལ་མོ་འདི་ གནམ་ཁར་འཐུཝ་ཅིག་ ཐབ་ཁའི་ལྷ་ང་ནང་བླུགས་ཏེ་ བརྔོ་བཏང་ད་ནུག། དེ་གིས་སྦེ་ ད་ལྟོའི་བར་ན་ ཀི་ཤིག་གི་ཚོས་གཞི་ སྨུག་ནག་སྦེ་འོང་དགོ་མི་འདི་ ཐབ་ཁའི་ལྷ་ང་ནང་ བརྔོཝ་ལས་བརྟེན་ཨིནམ་དང་ ཤིག་གི་བྱང་ཏོ་གུར་ གནགཔོ་ཆུང་ཀུ་ཅིག་ཡོད་དགོ་མི་དེ་ མེ་མགལ་གྱིས་འཚིགས་པའི་རྨ་ཤུལ་ ཨིན་ཟེར་སླབ་སྲོལ་ཡོདཔ་ཨིན་ནོ།། །། སློབ་སྒོམ་ཆེན་དང་བྱ་བསོད་ནམས་ཆོས་རྒྱལ། ཧེ་མ་ གཡུས་ཅིག་ནང་ ནོར་རྫིཔ་གཉིས་ཡོདཔ་མས། ཉིནམ་ཅིག་འབདཝ་ད་ ཁོང་གཉིས་ནོར་འཚོ་ས་ལུ་ གནམ་མེད་ས་མེད་ལྟོཝ་བཀྱེས་ཏེ་ ཚལ་མ་ནང་ལུ་ ཟ་ནི་ཅིག་འཚོལ་བར་འགྱོཝ་ད་ བྱ་ཅིག་བཟུང་ཐོབ་ནུག། བྱ་འདི་ གསད་ནི་འབདཝ་ད་ སྒོམ་ཆེན་ཅིག་ལྷོད་ནུག། སྒོམ་ཆེན་དེ་གིས་ བུཚ་གཉིས་ལུ་ ག་ཅི་འབདཝ་སྨོ་ཟེར་སླབ་ད་བུཚ་གཉིས་ཀྱིས་ ད་རིས་ང་བཅས་གཉིས་ གནམ་མེད་ས་མེད་ལྟོཝ་བཀྱེས་ཏེ་ བྱ་འདི་ གསད་ཟ་ནི་སྦེ་ཨིན་ཟེར་སླབ་ནུག། དེ་ལས་ སྒོམ་ཆེན་གྱིས་ དབའི་ ཁྱེད་གཉིས་ཀྱིས་ བྱ་འདི་མ་གསད་པར་གཏང་ད་ ང་ལུ་ལྟོ་ཡོད་ ལྟོ་འདི་ ཁྱེད་གཉིས་ཟ་ཟེར་སླབ་ནུག། དེ་ལས་ ནོར་རྫིཔ་གཉིས་ཀྱིས་ བྱ་འདི་ མ་བསད་པར་ སྒོམ་ཆེན་ལུ་བྱིན་ནུག། སྒོམ་ཆེན་དང་བྱ་ དེ་ཁ་ལས་ཕར་འགྱོཝ་ད་ བྱ་སྡོད་སའི་ཚང་ནང་ལྷོད་ལྷོདཔ་མས། དེ་ལས་ བྱ་དེ་གིས་ སློབ་དཔོན་སྒོམ་ཆེན། ད་རིས་ ཁྱོད་ཀྱིས་ ངེའི་སྲོག་སྐྱབས་འབད་བྱིན་ཏེ་ བཀྲིན་ཆེ་ཡི། ང་ ཨ་ནཱི་ཁར་སྡོདཔ་ཨིན། ངེའི་མིང་ བསོད་ནམས་ཆོས་རྒྱལ་ཨིན། ནངས་པ་དྲོ་པ་ ཧ་སག་ལོངས་ཏེ་ ཁྱོད་ང་འབད་སར་ཤོག་སྨ་རེ་ཟེར་སླབ་ནུག། དེ་ལས་ སྒོམ་ཆེན་གྱིས་ དེ་གི་ནངས་པ་དྲོ་པ་ཧ་སག་ལོངས་ཏེ་ བསོད་ནམས་ཆོས་རྒྱལ་འབད་སར་ལྷོདཔ་ད་ བསོད་ནམས་ཆོས་རྒྱལ་གྱིས་ དབའི་ སློབ་དཔོན་སྒོམ་ཆེན། ཁ་ཙ་ཁྱོད་ཀྱིས་ ང་སྲོག་སྐྱབས་འབད་བའི་དགའ་ཚོར་ལུ་ ངེའི་ ཁོ་ཁ་རིག་པ་འདི་ བསྣམ་བྱོན་ཟེར་སླབ་ནུག། སྒོམ་ཆེན་གྱིས་ ཁོ་ཁ་རིག་པ་ཟེར་མི་འདི་གིས་ ག་ཅི་འབད་བཏུབ་ཟེར་འདྲིཝ་ད་ བསོད་ནམས་ཆོས་རྒྱལ་གྱིས་ ཁྱོད་ར་ག་ཅི་གནང་ཟེར་སླབ་ཅིག་ འདི་ཁ་ལས་ འབྱུངམ་ཨིན་ཟེར་སླབ་ནུག སྒོམ་ཆེན་གྱིས་ ཁོ་ཁ་རིག་པ་འདི་འབག་འོངས་སྦེ་ ཁོ་ར་ག་ཅི་དགོཔ་ཅིག་ འདི་ལུ་གནང་ཟེར་སླབ་ཅི་ར་ཟ་སྡོད་ནུག། ཉིནམ་ཅིག་འབདཝ་ད་ སྒོམ་ཆེན་འདི་ བསོད་སྙོམས་ལྷང་པར་འགྱོཝ་ད་ལུ་ ཁོ་ཁ་རིག་པ་འདི་ ཨང་རྒས་ཅིག་འབད་སར་གཏམས་བཞག་ནུག། ཨང་རྒས་ལུ་ ཁྱོད་ར་ག་ཅི་དགོཔ་ཅིག་ མིང་བཏོན་ཏེ་གནང་ཟེར་སླབ་པ་ཅིན་ འདི་གིས་བྱིན་འོང་ཟེར་སླབ་སྦེ་བྱོན་སོ་ནུག། དེ་ལས་ ཨང་རྒས་ཀྱིས་ ཁོ་ཁ་རིག་པ་ལུ་ ལྟོ་དང་ཚོདམ་གནང་ཟེར་སླབ་ཅི་ར་ ཟ་སྡོད་སྡོདཔ་མས། ཕྱི་རུ་སློབ་དཔོན་སྒོམ་ཆེན་ བསོད་སྙོམས་ལས་ལོག་ལྷོད་ཞིནམ་ལས་ དབའི་ ཨང་རྒས་ ངེའི་ཁོ་ཁ་རིག་པ་འདི་ ཀྭ་ལས་ཟེར་སླབ་ད་ ཨང་རྒས་ཀྱིས་ ང་མི་ཤེས་ཟེར་སླབ་སྟེ་ ལོག་རེ་མ་སྟེར་བས། དེ་ལས་ སྒོམ་ཆེན་འདི་ལོག་སྟེ་ར་ བསོད་ནམས་ཆོས་རྒྱལ་འབད་སར་སོང་སྦེ་ ཁོ་ཁ་རིག་པ་འབྱང་ད་ཡི་ཟེར་སླབ་ད་ བསོད་ནམས་ཆོས་རྒྱལ་གྱིས་ ལུག་ཅིག་བྱིན་ནུག། སྒོམ་ཆེན་གྱིས་ ལུག་འདི་གིས་ ག་ཅི་བཏུབ་ཟེར་སླབ་ད་ བསོད་ནམས་ཆོས་རྒྱལ་གྱིས་ ལུག་འདི་ལུ་ ལྟོ་ལེགས་ཤོམ་སྦེ་བྱིན་ཞིནམ་ལས་ དྲོ་པ་རེ་ལུ་ མཆན་ལོགས་གུར་ མཛོ་ཕོག་རེ་དྲང་པ་ཅིན་ ལུག་གི་ཁ་ལས་ གསེར་ཀྲམ་ཤ་ར་ར་འཐོན་འོང་ཟེར་སླབ་སྟེ་ བྱིན་བྱིནམ་མས། དེ་ལས་ སྒོམ་ཆེན་གྱིས་ ག་དགོ་མི་འདི་ལུ་ གསེར་ཀྲམ་རེ་ ལུག་འདི་ལས་ བཏོན་ཡི་ར་སྡོད་སྡོདཔ་མས། དེ་ལས་ ཉིནམ་ཅིག་ བསོད་སྙོམས་ལུ་འབྱོནམ་ད་ ལུག་འདི་ཡང་ ཨང་རྒས་འབད་སར་གཏམས་བཞགཔ་ད་ ཨང་རྒས་ཀྱི་མནོ་བསམ་ལུ་ ལུག་དེ་སྦེ་ར་བཞག་པ་ཅིན་ ཉིནམ་རེ་གསེར་ཀྲམ་རེ་ར་ཨིན་མས། བསད་པ་ཅིན་ ཕོ་བའི་ནང་ གསེར་ཀྲམ་རྒྱགས་ཚད་འོང་མནོ་སྟེ་བསད་ད་ནུག། ལུག་བསད་ཚརཝ་ད་ ཕོ་བའི་ནང་ གསེར་ཀྲམ་གསུམ་ལས་བརྒལ་ཏེ་ མི་ནུག་ཟེར་ཨིན་མས། དེ་ཅིག་བར་ན་ སློབ་དཔོན་སྒོམ་ཆེན་འདི་ ལོག་ལྷོདཔ་ད་ དབའི་ ཨང་རྒས་ ངེའི་ལུག་འདི་ ཀྭ་ལས་ཟེར་འདྲིཝ་ད་ ཨང་རྒས་ཀྱིས་ ང་མི་ཤེས་ཟེར་སླབ་ནུག། དོ་རུང་ སློབ་དཔོན་སྒོམ་ཆེན་གྱིས་ བསོད་ནམས་ཆོས་རྒྱལ་འབད་སར་སོང་སྦེ་ ལུག་འདི་ཤི་སོ་ཡི་ཟེར་སླབ་ད་ བསོད་ནམས་ཆོས་རྒྱལ་གྱིས་ སྟ་གཡུ་ཅིག་བྱིན་ནུག། ཁྱོད་ཀྱི་སྟ་གཡུ་འདི་གིས་ ག་ཅི་བཏུབ་ཟེར་སླབ་ད་ ཁྱོད་ར་ དྲོ་པ་ཧ་སག་ལོངས་ཏེ་ སྟ་གཡུ་འདི་ མཆོད་བཤམ་གུར་བཀལ་སྦེ་ ཕྱག་འཚལ་བ་ཅིན་ དངོས་གྲུབ་འཐོབ་ཟེར་སླབ་ནུག། སློབ་དཔོན་སྒོམ་ཆེན་གྱི་མནོ་བསམ་ལུ་ དངོས་གྲུབ་མ་འདྲཝ་ཅིག་ར་ འཐོབ་ནི་འདྲ་བས་མནོ་སྟེ་ ཕྱག་འཚལ་ད་ནུག ཕྱག་ཚར་གཅིག་འཚལཝ་ད་ལུ་ ཚར་གཅིག་སྤར་ནུག ཚར་གཉིས་འཚལཝ་ད་ ཚར་གཉིས་སྤར་ནུག། ཚར་གསུམ་འཚལཝ་ད་ལུ་ སྟ་གཡུ་གིས་ སྒོམ་ཆེན་འདི་ ག་ཏེ་འགྱོ་རུང་མ་བཞག་པར་ ཤི་ཤི་ར་བརྡུངས་བྱིན་ད་ནུག། དེ་ལས་ སློབ་དཔོན་སྒོམ་ཆེན་ ཉིནམ་ཅིག་བསོད་སྙོམས་ལུ་འབྱོནམ་ད་ སྟ་གཡུ་འདི་ཡང་ ཨང་རྒས་འབད་སར་གཏམས་བཞག་ནུག དབའི་ ཨང་རྒས་ ངེའི་སྟ་གཡུ་འདི་ལུ་ ཕྱག་མ་འཚལ་སྨ་རེ་ཟེར་སླབ་ད་ ལགས་སོ་ཟེར་ཞུ་ནུག། ཨང་རྒས་ཀྱི་མནོ་བསམ་ལུ་ ཕྱག་མ་འཚལ་བ་འདི་ འཚལ་བ་ཅིན་ལེགས་ཤོམ་ཨིན་མནོ་སྟེ་ སློབ་དཔོན་སྒོམ་ཆེན་ རྒྱབ་ཐལཝ་ཅིག་ར་ ཨང་རྒས་ཀྱིས་སྟ་གཡུ་འདི་ལུ་ ཕྱག་འཚལ་ད་ནུག། ཕྱག་ཕོག་གསུམ་ འགྱོ་མ་འགྱོ་ཅིག་ཁ་ལས་ སྟ་གཡུ་འདི་གིས་ ཨང་རྒས་འདི་ ཞག་ཞག་ར་དྲངས་སྦེ་ ཤི་ནི་བཟུམ་ར་བཟོ་ནུག་གོ། །། ནོར་རྫིཔ་དང་སྲིནམོ། དང་ཕུའི་དུས་ལུ་ ང་བཅས་རའི་གཡུས་ཁར་ ཆོས་མ་དར་ནི་དེ་གིས་ སྲིནམོ་ཚུ་ཡང་ འཕྲལ་འཕྲལ་ར་ མི་རེ་རེ་གཉིས་གཉིས་སྦེ་སྡོད་ས་ལུ་ གནོདཔ་བཀལ་བར་འོང་དོ་ཡོདཔ་མས། ཚར་ཅིག་འབདཝ་ད་ རི་ཁ་ལུ་ ནོར་རྫིཔ་ཅིག་ ནོར་འཚོ་ས་ལུ་ ཆ་རོགས་ག་ཡང་མེད་པར་ ཁོ་ར་རྐྱངམ་གཅིག་སྦེ་ སྡོད་དགོཔ་ཐོན་སོངམ་མས། ཕྱི་རུ་ཅིག་འབདཝ་ད་ སྲིནམོ་ཅིག་འོངས་ཏེ་ ལྟོཝ་བཀྱེས་ཆི་ཡི། ཁྱོད་ཟ་དགོ་པས་ཟེར་སླབ་སླབ་མས། ནོར་རྫིཔ་འདི་ འདྲོགས་པའི་ཤུགས་ཀྱིས་ ང་ ཟ་མ་ད་ ཨ་ལུ་ལེ་ཤ་གསོ་ནི་ཡོད། ང་གིས་ ཁྱོད་ལུ་ནོར་ཤ་ ཀ་ལ་རྫམ་སྦོམ་གང་བཙོ་སྟེ་བྱིན་གེ། ཁྱོད་ར་ དུམ་གྲ་ཅིག་ ངལ་འཚོ་སྟེ་སྡོད་ཟེར་སླབ་སླབ་མས། སྲིནམོ་དེ་གི་མནོ་བསམ་ལུ་ ནོར་རྫིཔ་ ཁོ་ར་གཅིག་གིས་མི་འགྲང་ནི་མས་ དང་པ་ཤ་བཙོ་བཙོཝ་ཟ། དེ་ལས་ ནོར་རྫིཔ་ཁོ་ར་ཟ་གེ་མནོ་སྟེ་ བཏུབ་བཏུབ་ཟེར་སླབ་ནུག། དེ་ལས་ སྲིནམོ་ངལ་འཚོ་སྡོད་སར་གཉིད་ལོག་སོངམ་མས། སྲིནམོ་དེ་ ཕྱི་རུ་ཉལ་མི་འདི་གིས་ དྲོ་པ་གནམ་མ་ནངས་ཚུན་ཚོད་ར་གཉིད་མ་ཚོར་བས། དྲོ་པ་གནམ་ནངསམ་ཅིག་ ནོར་རྫིཔ་དེ་གིས་ ཆུ་ཚན་གནམ་མེད་ས་མེད་འཁོལ་ཏེ་ཡོད་མི་འདི་ ཡར་འཐུ་སྦེ་ དབའི་ དབའི་ཟེར་ སྲིནམོ་གི་མགུ་ཏོ་ཁར་བླུགས་བཏངམ་ལས་ སྲིནམོ་མགུ་ཏོ་ཁ་གི་སྐྱ་དང་པགས་ཀོ་ཚུ་ ག་ར་བཤུར་བཏང་ད་ནུག། སྲིནམོ་ འདྲེགས་མ་ཚུགས་པར་སྐད་ར་ཤོར་ཏེ་ ནོར་གྱི་བྱང་ས་ལས་ ཕྱི་ཁར་ཐོན་ཡར་སོ་ནུག། ཕྱི་ཁ་ལས་ལོག་ལྟཝ་ད་ དོ་རུང་ ནོར་རྫིཔ་དེ་གིས་ ཀ་ལ་རྫམ་འདི་ ལགཔ་གཉིས་ཆ་སྟེ་བཤེད་སྦེ་ དབའི་ དབའི་ཟེར་སྐད་རྐྱབ་ད་ དོ་རུང་ ཆུ་ཚན་འབག་འོངམ་འདྲས་མནོ་སྟེ་ སྲིནམོ་དེ་གིས་ ཁྱོད་ཁྱད་མེད་ ནངས་པ་ཕྱད་གེ་སྨ་རེ་ཟེར་སླབ་སྟེ་ ལོག་སྟེ་ར་མ་བལྟ་བར་བྱོག་ཡར་སོ་ནུག། ནོར་རྫིཔ་འདི་ནི་ ནངས་པ་ག་དེ་སྦེ་ འབད་འོང་ག་མནོ་སྟེ་ གནམ་མེད་ས་མེད་འདྲོགས་ཆི་ནུག། དེ་གི་ནངས་པ་དྲོ་པ་ ནོར་རྫིཔ་དེ་ ཧ་སག་སྟེ་ར་ལོངས་ཞིནམ་ལས་ ཨོམ་ཚུ་བཞོ། ནོར་ཚུ་རྩྭ་ཁར་བཏང་། ནོར་རྫིཔ་ཁོ་ར་ཡང་ ལྟོ་འགྲངསམ་སྦེ་ཟ་ཞིནམ་ལས་ བྱང་སའི་སྦོ་ལོགས་ཁར་ མཚོའི་མཐའ་མར་ ཤིང་རིངམོ་ཅིག་ཡོད་མི་དེ་གུར་ འཛེགས་སྦེ་སྡོད་ནུག། ཡུདཔ་ཅིག་ཁ་ལས་ སྲིནམོ་ ཧེ་མ་ཆུ་ཚན་གྱིས་བཤུར་མི་འདི་ དཔྱལ་ཐེ་ར་ལང་ལང་སྦེ་ སྣ་ཁྱིདཔ་འབད་དེ་ སྲིནམོ་ཆ་རོགས་ལེ་ཤ་ཁྱིད་དེ་ ཁོ་འཚོལ་དེས་ཟེར་ཨིན་མས། ཡུདཔ་ཅིག་ཁ་ལས་ སྲིནམོ་ཅིག་གིས་ཁོ་མཐོང་ནུག ཡར་བལྟ་ཞིག་ ཤིང་གུར་མི་ཅིག་འདུག་ཟེར་སླབ་སྟེ་ སྲིནམོ་ཚུ་ ག་ར་ ཤིང་གི་རྩ་བར་སྤུངས་ཆི་ནུག། དེ་བསྒང་ སྲིནམོ་ཚུ་གིས་ ཤིང་གུར་འཛེག་མི་ཤེས་དོ་ཡོདཔ་མས། དེ་ལས་ སྲིནམོ་དཔྱལ་ཐེ་དེ་གིས་སླབ་ནུག། ད་ ང་བཅས་ཆ་ཁྱབ་ གཅིག་གིས་གཅིག་གུར་འཛེགས་ཏེ་ ཁོ་བཟུང་པ་ཅིན་དྲག་ཟེར་སླབ་ད་ སྲིནམོ་ཚུ་ ག་ར་ཁ་འཆམས་ཏེ་ ཧེ་མའི་སྲིནམོ་དེ་ར་འོག་ལུ་སྡོད། དེ་གི་གུར་ སྲིནམོ་ཚུ་ གཅིག་གིས་གཅིག་གུར་འཛེགས་ཏེ་ ནོར་རྫིཔ་འདི་བདའ་ཟུན་ནི་བཟུམ་འབད་ནུག། ནོར་རྫིཔ་དེ་ནི་ གནམ་མེད་ས་མེད་འདྲོགས་པའི་ཤུགས་ཀྱིས་ ཤིང་གི་ཞལ་ལག་ཅིག་བཅག་སྦེ་ དབའི་ དབའི་ཟེར་སླབ་ད་ མར་འོག་ལུ་ཡོད་མིའི་སྲིནམོ་དཔྱལ་ཐེ་དེ་ དབའི་ དབའི་ ཟེར་སླབ་ད་ ད་རུང་ ཆུ་ཚ་ཏོམ་བླུག་ནི་ཨིན་མསམནོ་སྟེ་ བྱོག་འགྱོ་ནི་སྦེ་སྤརཝ་ཅིག་ སྲིནམོ་ཚུ་ ག་ར་རྦོབ་རིལ་ཏེ་ ཤིང་གི་རྩ་བ་ལུ་ མཚོ་ཅིག་ཡོད་མི་དེ་ནང་ བུད་དེ་ཤི་སོ་ནུག། དེ་ལས་ཚུར་ ནོར་རྫིཔ་དེ་ཡང་ ཁོ་རའི་གནས་སྐབས་དེ་ལུ་ ངལ་རངས་ཏེ་ སེམས་དགའ་ཏོག་ཏོ་སྦེ་ སྡོད་ནི་ཐོབ་ནུག་གོ། །། སྟག་དང་གླང་ཅུང་། དང་ཕུ་དིང་ཕུ་མི་ཚུ་ག་ར་ ནོར་ལུ་བརྟེན་ཏེ་ ཟ་དོ་ཡོདཔ་མས། མི་ཚུ་ སྡོད་སའི་ཁྱིམ་ཟེརཝ་ཡང་མེད་པར་ ནོར་དང་གཅིག་ཁར་ གཞིས་སྤོ་ཡི་སྤོ་ཡི་ར་སྡོད་དོ་ཡོདཔ་མས། ནམ་ཅིག་འབདཝ་ད་ ནོར་གྱི་རུ་ཁག་སྦོམ་ཅིག་ ནོར་གྱི་གླགས་གཞན་ཁར་གཞིས་སྤོ་སྟེ་འགྱོཝ་ད་ རྒྱ་ཚམོ་ཅིག་ བོའུ་ཅུང་འཚར་ཏེ་ ལམ་འགྱོ་མ་ཚུགས་པར་ འདི་ནང་ལུས་སོ་ནུག། ཉིནམ་ཅིག་སྟག་ཕྱུ་གུ་ཡོད་མི་གི་ཨའི་ ན་འཐན་ལྟོཝ་བཀྱེས་མི་ཅིག་འོངས་ཏེ་ རྒྱ་ཚམོ་འདི་བསད་བཏང་ད་ནུག། དེ་ལས་ སྟག་གིས་ རྒྱ་ཚམོ་གི་ཤ་འདི་འབག་འགྱོཝད་ བོའུ་ཅུང་འདི་ ཨའི་འགྱོ་དོ་མནོ་སྟེ་ རྟིང་བདའ་སྟེ་ཡར་སོ་ནུག། དེ་ལས་ སྟག་ མོ་ར་གི་ཕྱུ་གུ་ཡོད་སར་ལྷོད་དེ་ ཕྱུ་གུ་ལུ་ཨོམ་བྱིནམ་ད་ རྒྱ་ཚམོ་གི་བོའུ་ཅུང་ཡང་ བལྟ་སྟེ་སྡོདཔ་ད་ སྡི་ཆེ་སྟེ་ བོའུ་ཅུང་ལུ་ཡང་ མོ་རའི་ཨོམ་འདྲན་འདྲ་བྱིན་སྦེ་གསོ་ད་ནུག། ཉིནམ་ཅིག་སྟག་ཨའི་འདི་ཤ་འཚོལ་བར་འགྱོཝ་ད་ ཤ་རོགསཔ་ཅིག་གི་མདའ་ཕོག་སྟེ་ ཤི་ནི་གུར་ཐུགཔ་ད་ མོ་རའི་ཕྱུ་གུ་ལུ་སླབ་སླབ་མས། ད་རིས་འབདན་ ང་ཤི་ར་ཤི་ནི་ཨིན་མས། ང་མེད་པའི་ཤུལ་ལུ་ ཁྱོད་ཀྱིས་བོའུ་ཅུང་འདི་ མ་བསད་སྨ་རེ་ཟེར་སླབ་ད་ སྟག་གི་ཕྱུ་གུ་འདི་གིས་ བཏུབ་ཟེར་སླབ་སྟེ་ སྟག་ཨའི་འདི་ཤི་སོ་ནུག། དེ་ལས་ ཁོང་ཨའི་མེད་པའི་སྟག་གི་ཕྱུ་གུ་དང་ རྒྱ་ཚམོ་གི་བོའུ་ཅུང་གཉིས་ཆ་ར་ག་ནི་ལས་ འཆམ་ཏོག་ཏོ་སྦེ་སྡོད་དོ་ཡོདཔ་མས། ཁོང་གཉིས་ ཕྱི་རུ་ཡང་སྟག་ཚང་ནང་གཅིག་ཁར་ཉལ། དྲོ་པ་ སྟག་ལོངས་ཏེ་འགྱོཝ་ད་ སྐད་ཚར་རེ་རྐྱབ་སྟེ་ ཤ་འཚོལ་བར་འགྱོ། ཉིན་མར་ གླང་ཅུང་རྩྭ་ཟ་བར་འགྱོཝ་ད་ རྭཝ་གིས་ གད་པ་ཚར་རེ་བསློགས་སྦེ་འགྱོ་དོ་ཡོདཔ་མས། ཉིནམ་ཅིག་འབདཝ་ད་ འ་དོམ་ཅིག་འོངས་ཏེ་ སྟག་དང་གླང་ཅུང་གཉིས་འཆམ་ཏོག་ཏོ་སྦེ་ རྩེདམོ་རྩེ་སྡོད་སར་མཐོང་སྟེ་ ཁོང་གཉིས་ཀྱི་བར་ན་དཀྲོགས་ཞིནམ་ལས་ སྟག་གིས་ གླང་ཅུང་འདི་བསད་པ་ཅིན་ རྒྱུ་མ་ནང་ཁྲོལ་ཚུ་ ག་ར་ཟ་ནི་འཐོབ་ཟེར་མནོ་ནུག། དྲོཔ་ཅིག་ སྟག་གི་ཕྱུ་གུ་འདི་ སྟག་ཚང་ནང་ལས་ཐོན་འགྱོཝ་ད་ འ་དོམ་གྱིས་རྟིང་ཤུལ་བདའ་སྟེ་ ཡར་སོ་ནུག། ཆུ་ཅིག་ཡོད་སར་ལྷོདཔ་ད་ འ་དོམ་འདི་ སྟག་གིས་གསད་ནི་འབདཝ་ད་ ང་མ་བསད་ ཁྱོད་ལུ་བློ་ཅིག་ སླབ་ནི་ཡོད་ཟེར་སླབ་སླབ་མས། སྟག་གིས་ ག་ཅི་སླབ་ནི་ཡོད་ སླབ་ཟེར་སླབ་ནུག། འ་དོམ་འདི་གིས་ ཁྱོད་བཟུམ་མའི་སྟག་ གླང་ཅུང་དང་གཅིག་ཁར་སྡོད་དེ་ཨིན་མས། ནམ་ཅིག་ གླང་ཅུང་འདི་གིས་ ཁྱོད་གསད་འོང་། ཉིནམ་རིང་ཆད་ར་ ཨག་རྩ་རྐྱབ་སྟེ་ རྭཝ་གིས་གད་པ་ལྷོག་མི་འདི་ ཁྱོད་གསད་ནི་ཟེར་ སླབ་པའི་བརྡ་ཨིན་ཟེར་སླབ་སྟེ་ཡར་སོ་ནུག། དོ་རུང་ གླང་ཡོད་སར་སོང་སྦེ་ གླང་འདི་གིས་ འ་དོམ་འདི་བརྡུང་པར་འགྱོཝ་ད་ ང་ལུ་མ་བརྡུང་ ང་གིས་ཁྱོད་ལུ་ བློ་ཅིག་སླབ་ནི་ཡོད་ཟེར་སླབ་སླབ་མས། གླང་གིས་ ག་ཅི་སླབ་ནི་ཡོདཔ་སྨོ་ཟེར་སླབ་ད་ འ་དོམ་གྱིས་ ཁྱོད་བཟུམ་མའི་གླང་ཅུང་ སྟག་དང་གཅིག་ཁར་སྡོད་དེ་ཨིན་མས། ནམ་ཅིག་ཁྱོད་ སྟག་གིས་གསད་ཟ་འོང་། སྟག་འདི་དྲོ་པ་ཚར་རེ་འགྱོཝ་ད་ སྐད་ཚར་རེ་རྐྱབ་མི་འདི་ ཕྱི་ལས་ཤ་ཐོབ་པ་ཅིན་ཨིན། མ་ཐོབ་པ་ཅིན་ ཁྱོད་གསད་ནི་ཨིན་ཟེར་བའི་བརྡ་ཨིན་ཟེར་སླབ་སྦེ་ཡར་སོ་ནུག། དེ་ཚེ་ཕྱི་རུ་ སྟག་དང་གླང་ཅུང་གཉིས་ཆ་ར་ ནང་ན་ལས་དོགས་པ་ཟ་ཡི་ར་ གཅིག་ཁར་ཉལ་ནུག དེ་གི་ནངས་པ་དྲོ་པ་ ཧེ་མ་ར་ སྟག་འདི་གིས་ལོངམ་ཅིག་ སྐད་ཚར་ཅིག་རྐྱབ་ད་ གླང་འདི་གི་མནོ་བསམ་ལུ་ རོགས་འ་དོམ་གྱིས་སླབ་མི་འདི་ བདེན་པས་ཟེར་མནོ་ནུག། དེ་གི་རྟིང་ཤུལ་ར་ གླང་འདི་གིས་ཡར་ལོངས་སྦེ་ ཨག་རྩ་རྐྱབ་སྟེ་ས་ལྷོགཔ་ད་ སྟག་འདི་གི་མནོ་བསམ་ལུ་ཡང་ འ་དོམ་གྱིས་སླབ་མི་འདི་ ཨིན་ར་ཨིན་མསཟེར་མནོ་སྟེ་ གཉིས་ཆ་ར་འཛིངས་ད་ནུག། ཉིནམ་གཅིག་ར་ རྒྱལ་ཕམ་ཕྱེ་མ་ཚུགས་པར་ འཛིངས་འཛིངས་པའི་མཐའ་མར་ ན་འཐན་ར་བུང་འགམ་པའི་ཤུགས་ཀྱིས་ ཕྱི་རུ་ཁོང་གཉིས་ཆ་ར་ འདྲན་འདྲ་ཤི་སོ་ནུག། འ་དོམ་འདི་ གླང་ཅུང་གི་རྒྱུ་མ་ནང་ཁྲོལ་ཟ་ནི་སྦེ་ སེམས་དགའ་སྟེ་ ཁོང་གཉིས་འཛིང་སར་སྦོ་ལོགས་ཁར་འོངས་ཏེ་ ཡར་ལས་བསྐོར། མར་ལས་བསྐོར་སྦེ་ ལྟདམོ་བལྟ་སྡོད་པ་ར་ སྟབས་མ་ལེགསཔ་ཅིག་ལུ་ གླང་ཅུང་འགྱེལ་འགྱོཝ་ད་ འ་དོམ་འོག་ལུ་ཚུད་སྦེ་ སྤར་མ་ཐལ་བར་ཤི་སོ་ནུག་གོ། །།