ཞིབ་འཚོལ་སྡེ་ཚན།

ཞིབ་འཚོལ་དང་གཏན་མཛོད་ལས་ཚན།

སྐད་ཡིག་དང་མི་སྡེའི་རིམ་འགྱུར་དང་འཁྲིལ་ཏེ་ ལེགས་སྒྱུར་དང་གོང་འཕེལ་གྱི་དོན་ཚན་ཐོག་ལུ་ ཞིབ་འཚོལ་དང་གཏན་མཛོད་ལས་ཚན་གྱི་ལཱ་དང་འགན་ཁུར་ཚུ་གཤམ་གསལ་ལྟར།

༡ ཆོས་སྐད་རྫོང་ཁའི་ག་བསྡུར་ཞིབ་འཚོལ།

ཞིབ་འཚོལ་དང་གཏན་མཛོད་ལས་ཚན་གྱིས་ བརྩོན་ཤུགས་བསྐྱེད་དེ་ ཆོས་སྐད་རྫོང་ཁའི་ག་བསྡུར་ཞིབ་འཚོལ་འབདཝ་ཨིན། དེ་ཡང་ སྐད་ཡིག་འདི་གཉིས་ལུ་ རྗོད་སྒྲ་རིག་པ་དང་ བརྡ་གཞུང་ མིང་ཚིག་ དེ་ལས་ ཡིག་སྡེབ་ཚུ་འདྲ་ཧིང་དང་ ཁྱད་པར་མང་རབས་ཅིག་ཡོད་མི་ཚུ་གི་ གཏིང་མཐའ་ཆོད་ཚུགསཔ་འབད་ནི་གི་དོན་ལུ་ཨིན། འདི་བཟུམ་མའི་ཞིབ་འཚོལ་འཕྲོ་མཐུདཔ་མཐུད་སར་འབད་བ་ཅིན་ རྫོང་ཁ་གོང་འཕེལ་ལུ་ཕན་ཐོགས་ཡོད་པ་གིས་མ་ཚད་ རྫོང་ཁའི་ཐོག་ལས་ ཆོས་སྐད་ཡང་ཧ་གོ་ཚུགསཔ་སྦེ་བཟོཝ་ཨིན།

༢ རྫོང་ཁའི་བརྡ་སྦྱོར་ཞིབ་འཚོལ།

འབྲུག་མི་ཚུ་གིས་ རྫོང་ཁའི་ཡི་གུའི་སྦྱོར་བ་ཚུ་ཚུལ་མཐུན་སྦེ་ཤེས་ཐབས་ལུ་ རྫོང་ཁའི་བརྡ་སྦྱོར་གྱི་གཤིས་ལུགས་དང་འཁྲིལ་བའི་ རྫོང་ཁའི་བརྡ་གཞུང་གཏན་འབེབས་དང་གནས་རིམ་མ་འདྲཝ་ཚུ་ རྩོམ་རིག་དང་ལག་ལེན་གཉིས་ཆ་རའི་ཐོག་ལས་ཞིབ་འཚོལ་འབད་དེ་ རྫོང་ཁའི་གནས་ཚད་ཡར་དྲག་བཟོ་ནི་དང་ རྒྱལ་ཡོངས་སྐད་ཡིག་གི་ལག་ལེན་ལུ་མཁོ་བའི་ རྫོང་ཁའི་བརྡ་གཞུང་ཁག་མ་འདྲཝ་ཚུ་གི་འགྲེལ་བཤད་དང་ལམ་སྟོན་དཔེ་དེབ་ཚུ་བཟོཝ་ཨིན།

༣ རྫོང་ཁའི་རྗོད་སྒྲ་རིག་པའི་ཞིབ་འཚོལ།

རྫོང་ཁ་ནང་ཡོད་པའི་མིང་ཚིག་གི་ཡིག་སྡེབ་དང་དོན་དག་ རྗོད་སྒྲ་དང་མཐུན་མི་ཚུ་རང་འཇགས་བཞག་ནི་ཨིན། དེ་མིན་པའི་ཡིག་སྡེབ་དང་རྗོད་སྒྲ་ རྫོང་ཁའི་ངག་གཤིས་དང་མ་མཐུན་པ་ཅིན་ བསྐྱར་ཞིབ་དང་ཁ་སྐོང་ཞིབ་འཚོལ་ཐོག་ གཏན་འབེབས་འབད་ནི་ཨིན། རྫོང་ཁའི་རྗོད་སྒྲ་གཅིག་ལུ་ ཡིག་སྡེབ་འབྲི་སྲོལ་ཁག་གཉིས་དང་དེ་ལས་མངམ་སྦེ་ཡོད་མི་ཚུ་ཡང་ གཏན་འབེབས་འབད་དེ་ ཡིག་སྡེབ་གཅིག་ལུ་ཐག་བཏོག་ནི་ཨིན། རྫོང་ཁའི་རྗོད་སྒྲ་དང་བསྟུན་པའི་ཡིག་སྡེབ་བཟོ་ཐངས་ལམ་ལུགས་དང་ ལམ་སྟོན་འགྲེལ་བཤད་ཚུ་ཡང་བཟོཝ་ཨིན།

༤ ཚིག་གི་བྱུང་རབས་རིག་པའི་ཞིབ་འཚོལ།

ཞིབ་འཚོལ་ཐོག་ལས་ རྫོང་ཁའི་ནང་ཧེ་མ་ལས་ཡོད་མི་དང་ ད་ལས་ཕར་གསརཔ་བཟོ་མི་གི་ཚིག་དང་མིང་ཚིག་རེ་རེ་བཞིན་དུ་གི་ བྱུང་རབས་ཤེས་ཚུགས་ནི་གི་དོན་ལུ་ རྫོང་ཁའི་ཚིག་གི་བྱུང་རབས་བརྩམས་ཏེ་ རྫོང་ཁའི་སྐད་ཡིག་ཁུངས་ལྡན་ལུ་འགྲུབ་ཐབས་འབད་ནི།

༥ ཨིང་སྐད་རྫོང་ཁ་ལུ་སྒྲ་སྒྱུར།

ཨིང་ལིཤ་གི་སྒྲ་སྐད་ཚུ་ རྫོང་ཁའི་ཡི་གུ་ནང་རྗོད་སྒྲ་ཚུལ་མཐུན་བཏོན་ཏེ་ ལྷག་ཚུགསཔ་བཟོ་ཐབས་ལུ་ ཡིག་སྡེབ་དང་སྒྲ་རྟགས་ཚུ་གཏན་འཁེལ་བཟོ་ཐོག་ལས་ སྐད་གཉིས་ཤན་སྦྱར་གྱི་ཚིག་མཛོད་ཚུ་དང་ སྐད་ཡིག་སློབ་སྦྱོང་དཔེ་དེབ་ཚུ་བཟོ་ནི་ལུ་ བརྩོན་ཤུགས་བསྐྱེདཔ་ཨིན།

༦ རྫོང་ཁའི་བརྡ་རྙིང་དང་བརྡ་གསར་གྱི་ཞིབ་འཚོལ།

རྫོང་ཁའི་བརྡ་རྙིང་དང་བརྡ་གསར་གྱི་ཞིབ་འཚོལ་འབད་ནི་ལུ་བརྩོན་ཤུགས་བསྐྱེད་དེ་ རྫོང་ཁའི་བརྡ་རྙིང་གི་ཐ་སྙད་དང་བརྡ་གསར་གྱི་ཐ་སྙད་ཚུ་གི་ དུས་ཚོད་གཏན་འཁེལ་གྱི་བྱུང་རབས་དང་སྦྲགས་ཏེ་ ར་ཁུངས་བཀལ་ཐོག་ལས་ དུས་ཀྱི་འགྱུར་བ་དང་བསྟུན་ བརྡ་རྙིང་ལས་བརྡ་གསར་ལུ་ ག་དེ་སྦེ་བསྒྱུར་བཅོས་སོང་ནུག་ག་གི་ཁུངས་དོན་ཚུ་གསལ་བཀོད་འབད་ནི།

༧ རྫོང་ཁའི་རོ་མཱན་ནའེ་ཟེ་ཤཱན།

ཞིབ་འཚོལ་ཐོག་ལས་ རྫོང་ཁའི་བརྡ་གཞུང་དང་ཚིག་མཛོད་ དེ་ལས་རྫོང་ཁའི་དེབ་གཞན་ཚུ་ནང་ རྫོང་ཁའི་རྗོད་སྒྲ་ཚུ་ རོ་མཱན་དབྱངས་གསལ་གྱི་བར་ན་ལུ་བཙུགས་ཏེ་ བྲི་ཚུགས་ནི་གི་དོན་ལས་དང་ རྫོང་ཁའི་སྒྲ་གདངས་ཚུ་འཛོལ་བ་མེད་པར་འཐོན་ནི་དང་ དེ་ལས་ ཕྱི་མི་རྫོང་ཁ་ལྷབ་མི་ཚུ་ལུ་ཡང་ ཕན་གྲོགས་འབད་ཚུགས་ནིའི་དོན་ལུ་ རྫོང་ཁའི་རོ་མཱན་སྒྲ་སྦྱོར་ལམ་ལུགས་གཏན་འབེབས་བཟོ་ནི།

༨ གཡུས་སྐད་སོ་སོའི་ཞིབ་འཚོལ།

འབྲུག་རྒྱལ་ཁབ་ནང་གི་ཁ་སྐད་ཚུ་ ཉམས་སྲུང་འབད་དེ་བཞག་ནི་གི་དོན་ལུ་ཡིག་ཐོག་བཀོད་དེ་བསྡུ་ལེན་འབདཝ་ཨིན། དེ་ཡང་ རྫོང་ཁ་འདི་འབྲུག་གི་མི་སྡེ་སོ་སོའི་ནང་ལུ་ཡང་གོང་འཕེལ་གཏང་ནི་དང་ རྫོང་ཁ་གོང་འཕེལ་གྱི་དོན་ལུ་ ལུང་ཕྱོགས་ཀྱི་སྐད་ཡིག་ནང་ཡོད་པའི་མིང་ཚིག་ཚུ་རྫོང་ཁའི་ནང་བཙུགས་ནི་དང་ འབྲུག་རྒྱལ་ཁབ་ཀྱི་སྐད་ཡིག་ཚུ་གི་རྩོམ་རིག་གོང་འཕེལ་གཏང་ནི་གི་དོན་ལུ་ འབྲུག་རྒྱལ་ཁབ་ནང་གི་ཁ་སྐད་གཞན་ཚུ་གི་ཞིབ་འཚོལ་འབདཝ་ཨིན།

༩ ཉམས་ཉེན་ཆེ་བའི་ཁ་སྐད་བདག་འཛིན།

འབྲུག་གི་ཉམས་ཉེན་ཆེ་བའི་ཁ་སྐད་ ཧེ་མ་ལས་ངོས་འཛིན་ཡོད་མི་དང་ ཡང་ཅིན་ ཉམས་ཉེན་ཆེཝ་སྦེ་ངོས་འཛིན་འབད་ནི་ཨིན་མི་གི་ཁ་སྐད་ཚུ་ ཉམས་མ་བཅུག་པར་བདག་འཛིན་འབད་ནི་འདི་ རྒྱལ་ཁབ་ཀྱི་ངོ་རྟགས་བདག་འཛིན་འཐབ་ནི་ལུ་ཁག་ཆེཝ་ལས་བརྟེན་ཏེ་ཨིན། དེ་ཡང་ ཁ་སྐད་སླབ་མི་གི་གྱངས་ཁ་ལས་བཅད་རུང་ ཡང་ཅིན་ ཉེ་འདབས་སྐད་ཡིག་གི་ཤན་དབང་གིས་ ཉམས་ཉེན་ཆེ་མི་གི་ཁ་སྐད་ཚུ་ ཉམས་སྲུང་འབད་ནི་གི་ལས་དོན་ཚུ་ནང་བརྩོན་ཤུགས་བསྐྱེདཔ་ཨིན།

༡༠ རྒྱལ་ཁབ་ནང་གི་ས་གནས་དང་ཁ་བྱང་བརྡ་བྱང་ཚུ་གི་མིང་གནས་གཏན་འབེབས།

མི་མང་གི་སྐད་ཡིག་ལག་ལེན་དོན་ལུ་ ཚོང་འབྲེལ་གྱི་བརྡ་སྟོན་ ཁྱབ་བསྒྲགས་ཀྱི་སྦྱར་ཡིག་ ཚོང་ཁང་སྒོ་ཁའི་བརྡ་བྱང་ ལམ་གྱི་བརྡ་བྱང་ཚུ་དང་ དེ་མ་ཚད་ ས་གནས་ཀྱི་མིང་ཚུ་ རྫོང་ཁའི་ནང་འབྲི་ཐངས་ཀྱི་ཐོབ་ལམ་ཞིབ་འཚོལ་ཐོག་ལས་གཏན་འཁེལ་བཟོ་ནི།

༡༡ རྫོང་ཁའི་ངག་གཤིས་ཞིབ་འཚོལ།

རྫོང་ཁའི་མིང་ཚིག་གོང་འཕེལ་གཏང་ནི་དང་ རྫོང་ཁ་དག་བཅོས་ཀྱི་དོན་ལུ་ རྫོང་ཁ་གཡུས་སྐད་འབད་མི་གི་ལུང་ཕྱོགས་ཚུ་ནང་གི་རྫོང་ཁའི་ངག་གཤིས་ཞིབ་འཚོལ་འབད་དགོཔ་ཡོད། དེ་གི་དོན་ལུ་ རྫོང་ཁའི་ཁ་སྐད་མ་འདྲཝ་ ཧཱ་དང་ཤར་ སྤ་རོ་ ཝང་ ཐེད་ཀྱི་ཁ་སྐད་ཚུ་ནང་ལས་ རྫོང་ཁའི་མིང་ཚིག་ཚུ་གི་འབྱུང་ཁུངས་དང་ལོ་རྒྱུས་ མིང་གི་རྣམ་གྲངས་དང་ མིང་ཚིག་གཅིག་གིས་དོན་མང་ལུ་འཇུག་པའི་ཐ་སྙད་དང་ འགལ་མིང་ལ་སོགས་པ་ཚུ་བསྡུ་ལེན་འབདཝ་ཨིན།

༡༢ རྒྱལ་ཡོངས་དང་ ལུང་ཕྱོགས་ དེ་ལས་ རྒྱལ་སྤྱིའི་སྐད་ཡིག་གྲོས་ཚོགས་ཚུ་ནང་བཅའ་མར་གཏོགས་ནི།

འཛམ་གླིང་གི་སྐད་ཡིག་འདུས་ཚོགས་དང་གཙུག་ལག་སློབ་སྡེ་ཚུ་དང་གཅིག་ཁར་ སློབ་རིག་གི་འབྲེལ་བ་བཟོ་ནི་དང་ དེ་ལས་གཞན་ཡང་ མཁས་འཛོམས་དང་གྲོས་བསྡུར་ཞལ་འཛོམས་ གོ་བསྡུར་ཞལ་འཛོམས་དང་གྲོས་འཛོམས་ལ་སོགས་པའི་ སྐད་ཡིག་གི་གྲོས་ཚོགས་ཚུ་ནང་ལུ་བཅའ་མར་གཏོགས་ཏེ་ རྒྱལ་ཁབ་ཀྱི་རྒྱལ་ཡོངས་སྐད་ཡིག་ཡོངས་གྲགས་བཟོ་ནི་དང་ མཁས་པ་གཞན་ཚུ་གི་སྐད་ཡིག་རིག་པའི་ཁྱད་རིག་ཚུ་འཐོབ་ཚུགསཔ་འབད་དེ་ ང་བཅས་རའི་རྒྱལ་ཡོངས་སྐད་ཡིག་གོང་འཕེལ་དང་དར་ཁྱབ་གཏང་ཐབས་འབད་ནི།