ཚིག་མཛོད་ལས་ཚན

ཚིག་མཛོད་ལས་ཚན།

ཚིག་མཛོད་ལས་ཚན་གྱི་ལཱ་དང་འགན་ཁུར་ཚུ་གཤམ་གསལ་ལྟར།

༡ རྫོང་ཁའི་ཚིག་མཛོད།

མི་སྡེའི་དཔལ་འབྱོར་དང་འཕྲུལ་རིག་གོང་འཕེལ་ དེ་ལས་ རྫོང་ཁའི་མིང་ཚིག་ཚུ་གོང་འཕེལ་རིམ་པ་བཞིན་དུ་འགྱོ་མི་དང་འཁྲིལ་ཏེ་ དེ་བཟུམ་མའི་མིང་ཚིག་དང་ཡིག་སྡེབ་ལམ་སྟོན་དང་ སྐད་ཡིག་གི་གཞི་རྟེན་དོན་ལུ་ ཚིག་མཛོད་ལས་ཚན་གྱིས་ གནས་རིམ་མ་འདྲཝ་སོ་སོའི་ རྫོང་ཁའི་ཚིག་མཛོད་དང་མངོན་བརྗོད་ཚུ་བཟོ་ནི།

༢ ཆོས་སྐད་རྫོང་ཁའི་ཤན་སྦྱར་ཚིག་མཛོད།

ཆོས་སྐད་རྫོང་ཁ་ཤན་སྦྱར་ཚིག་མཛོད་འདི་ རྒྱལ་ཁབ་ནང་ ནང་པའི་ཆོས་ཚུ་ཆོས་སྐད་ཐོག་ལས་དར་ཏེ་ཡོདཔ་ལས་ འདི་ཚུ་འབྲུག་མི་ཚུ་གིས་ རྫོང་ཁའི་ཐོག་ལས་ཧ་གོ་ཚུགསཔ་བཟོ་ནིའི་དོན་ལུ་དང་ རྫོང་ཁའི་མིང་ཚིག་ཐ་སྙད་གོང་འཕེལ་གྱི་དོན་ལུ་ཨིན། དེ་ཡང་ སྐད་ཡིག་འདི་གཉིས་ཀྱི་ བརྡ་སྤྲོད་པའི་གཞུང་དང་རྗོད་སྒྲ་རིག་པ་ དེ་ལས་ ཚིག་འབྲུ་རིག་པ་ཚུ་ནང་ཡང་ འདྲ་མཚུངས་ལེ་ཤ་ཅིག་ར་ཡོདཔ་ལས་ དེ་ཚུ་གི་ཁུངས་གཏུགས་དང་ལག་ལེན་གྱི་དོན་ལུ་ གནས་རིམ་མ་འདྲཝ་ཚུ་གི་ ཆོས་སྐད་རྫོང་ཁའི་ཤན་སྦྱར་ཚིག་མཛོད་ཚུ་བཟོ་ནི།

༣ རྫོང་ཁ་ཨིང་ལིཤ་དང་ཨིང་ལིཤ་རྫོང་ཁའི་ཚིག་མཛོད།

རྒྱལ་ཁབ་ནང་ རྫོང་ཨིང་ཟུང་འབྲེལ་ལག་ལེན་གྱི་དམིགས་ཡུལ་འགྲུབ་ཐབས་ལུ་ རྫོང་ཁ་མ་ཤེས་མི་ཚུ་ལུ་ ཨིང་ལིཤ་གི་ཐོག་ལས་རྫོང་ཁ་གོ་བརྡ་སྤྲོད་ནི་དང་ ཨིང་ལིཤ་མ་ཤེས་མི་ཚུ་ལུ་ རྫོང་ཁའི་ཐོག་ལས་ ཨིང་ལིཤ་ལེགས་ཤོམ་སྦེ་ཧ་གོ་ཚུགསཔ་ཅིག་བཟོ་ནི་གི་གྲོགས་རམ་འབད་ནི་གི་དོན་ལུ་ གནས་རིམ་སོ་སོའི་རྫོང་ཨིང་དང་ཨིང་རྫོང་ཤན་སྦྱར་གྱི་ཚིག་མཛོད་ཚུ་བཟོ་ནི།

༤ རྫོང་ཁ་དང་གཡུས་སྐད་ཕན་ཚུན་ཤན་སྦྱར་གྱི་ཚིག་མཛོད།

རྫོང་ཁ་དང་འབྲུག་གི་གཡུས་སྐད་ཤན་སྦྱར་ཚིག་མཛོད་དང་ གཡུས་སྐད་སོ་སོའི་བརྡ་སྦྱོར་མིང་ཚིག་ལ་སོགས་པ་ཚུ་གི་དཔེ་དེབ་བཟོ་སྟེ་ རྫོང་ཁ་འདི་ཁ་སྐད་སོ་སོའི་མི་སྡེ་ཚུ་ནང་ལུ་ཁྱབ་ནི་དང་ འདི་དང་གཅིག་ཁར་གཡུས་སྐད་ཚུ་ཡང་ཉམས་སྲུང་འབད་ཚུགས་ནི་གི་དོན་ལུ་ བརྩོན་ཤུགས་བསྐྱེད་ནི།

༥ རྫོང་ཁའི་ཀུན་ཁྱབ་ཚིག་མཛོད།

རྫོང་ཁའི་བརྡ་སྦྱོར་གྱི་ཤེས་ཚད་དང་ བརྡ་དོན་མཐིལ་ཕྱིན་གྱི་ཤེས་ཡོན་བྱིན་ཚུགས་ནིའི་དོན་ལུ་ རྫོང་ཁའི་མིང་ཚིག་ཐ་སྙད་ཡོངས་རྫོགས་ཀྱི་ཀུན་ཁྱབ་ཚིག་མཛོད་ཅིག་བརྩམ་ནི།