ཞབས་དྲུང་འཇིགས་མེད་ནོར་བུའི་དྲུང་ཡིག་ཀ་ཀུ་རུ་གིས་སྒྱུར་བའི་བློ་ཟེ།
རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ ༡༩༩༩ ལོ་ལུ་དཔེ་སྐྲུན་འབད་ཡོད་པའི་དཔེ་དེབ་
རྫོང་ཁའི་བློ་ཟེ་ནང་ལས།
དགོས་དོན།
བློ་ཟེ་འདི་ ཧེ་མ་ལས་རང་ རྫོང་ཁ་ཡིག་ཐོག་འབྲི་ནི་དང་ལག་ལེན་འཐབ་ནི་གི་ རྩོམ་རིག་ཧ་ཤོས་ཅིག་ཨིན། དེ་འབདཝ་ལས་ རྫོང་ཁའི་གཞི་བཞག་ས་ཅིག་ཨིནམ་མ་ཚད་ རྫོང་ཁའི་སྙན་ཚིག་གི་གཞི་རྟེན་ཅིག་ཡང་ཨིན། རྒྱལ་ཁབ་ནང་ཧེ་མ་ལས་བརྩམས་པའི་བློ་ཟེ་མང་རབས་ཅིག་ཡོད་མི་ནང་ལས་ དུས་རབས་༡༩པའི་ནང་བྱོན་པའི་ ཞབས་དྲུང་འཇིགས་མེད་ནོར་བུའི་དྲུང་ཡིག་ཀ་ཀུ་རུ་གིས་བརྩམས་པའི་བློ་ཟེ་འདི་འོག་ལུ་བཀོད་དེ་ཡོད། འདི་གིས་རྫོང་ཁའི་རྩོམ་རིག་ཉམས་སྲུང་འབདཝ་མ་ཚད་ བློ་ཟེ་འབྲི་རྩོམ་འབད་ནི་གི་དཔེ་སྟོན་ཡང་བཏུབ་ཨིན།
མགོན་སངས་རྒྱས་སྟོང་གི་སྤྲུལ་པའི་སྐུ།།
ལྷོ་འཛམ་གླིང་ཡོངས་ལ་བཀའ་དྲིན་ཆེ།།
དཔལ་མཐུ་ཆེན་ངག་དབང་ཆོས་ཀྱི་རྫེ།
བདག་སྒོ་གསུམ་གུས་པས་ཕྱག་འཚལ་ལོ།།
དགུང་ད་རིས་བཀྲིས་ཟླ་བའི་ནང་།།
ང་གཞོན་ནུ་བློ་ཟེ་བསྒྱུར་ལུགས་བདེ།།
གསུང་སྙན་པའི་ཚིག་གཞི་མེད་རུང་ཡང་།།
དབྱངས་མཆོད་པ་འབུལ་ལོ་དཔལ་འབྲུག་པ།།
སྙན་ལན་ཅིག་གསན་དང་སྡེ་གཞི་ཀུན།།
རྒྱ་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན།།
གཡུས་ཕུན་སུམ་ཚོགས་པ་བལ་པོའི་མཚམས།།
གངས་མཐོན་མཐིང་རི་ཡི་རྒྱལ་མོ་ལས།།
ཚེ་རབས་སྔོན་ལས་བསྒྲུབ་པའི་ལྷ།།
བཀྲིས་ཚེ་ཡི་དབང་ཕྱུག་མ།
སྐུ་དར་དཀར་ཡོལ་ལེ་ལྷབ་ལྷུབ་གསོལ།།
གསུང་ཚངས་པའི་དབྱངས་ཀྱི་དངོས་གྲུབ་ཞུ།།
བདག་མོས་པའི་བུ་ལུ་ཐུགས་རྗེས་ཟུངས།།
དུས་དབྱར་ཁ་ཚེས་པའི་རྟེན་འབྲེལ་ལས།།
ས་བོད་ཀྱི་བྱ་ཆེན་ངང་པ་འདི།།
འཕུར་ཟེར་ན་རྒྱ་ནག་གཡུས་ལུ་འཕུར།།
ཆགས་ཟེར་ན་པདྨའི་མཚོ་ཁར་ཆགས།།
ཁྲུང་ཁྲུང་རྩེད་ཟླ་ཕྱད་པའི་དགའ་མི་དགའ།།
མདོངས་སྒྲོ་གྲོགས་ལུ་འཁོར་བའི་ལེགས་མི་ལེགས།།
ད་ནམ་དགུན་ངམ་གྱིས་རྫོགས་སོང་རུང་།།
རྒྱ་ཐག་སྦྱང་མའི་གཡུ་རུང་ཕངས་རུང་འདྲ།།
རྒྱ་ཆུ་སྔོན་པོའི་བར་ལས་ནམ་མཁར་འཕར།།
ངང་པ་གངས་ཅན་བོད་ལུ་འཕུར་རན་རུང་།།
བྱི་ཅུང་གཤོག་སྒྲོ་རྒྱས་པའི་དུས་མིན་འདུག།
ཚད་སྲུང་མན་དན་དམར་མོའི་སྐེ་ལུ་བཏགས།།
རེན་ཆེན་སྲོག་ལུ་ཐུག་རུང་མ་ཕུད་པར།།
སང་ཕོད་དབྱར་ཁ་དགའ་བའི་མ་བུ་མཉམ།།
དབང་ཕྱུག་ངངམོ་རྒྱ་ལས་འོང་དུས་ལུ།།
བོད་ཁམས་ཡོངས་ཡང་དམ་པའི་ཆོས་ལུ་བཀོད།།
ཤྭཝ་སྨུག་སྡོད་པའི་སྡོད་ཉམས་མ་ཚོར་བར།།
ཁུ་བྱུག་བསྐྱེད་པའི་དུས་ལུ་སེམས་འཁྲུལ་བས།།
ཕར་གི་མེ་ཏོག་སྣ་ཚོགས་ལྡུམ་ར་ནང་།།
ཞལ་ཟས་རོ་བརྒྱ་ལྡན་པའི་མེ་ཏོག་གཅིག།
ངང་ལག་བུ་མོའི་གཞསམོ་འཆམ་པ་གཉིས།།
གསེར་སྦྱང་སྙན་པའི་འཁྲུལ་སྐད་དེ་དང་གསུམ།།
བུ་མོའི་སྐྱོ་སེམས་ལོང་པའི་གྲོགས་ལུ་འདུག།།
འཕྲོ་མཐུད་ཤུལ་མའི་བདུན་ཕྲག་ནང་།