དཔྱེ་གཏམ་དང་ཁ་བཤད།
དཔྱེ་གཏམ་གྱི་རྒྱབ་ཁུངས་ འཇིག་རྟེན་པ་ག་ར་ཨིན་རུང་ གཞན་གྱིས་རང་གིས་སླབ་མི་བློ་དེ་ལུ་ཡིད་ཆེས་འདྲོང་བཅུག་ནི་དོན་ལུ་ བློ་སླབ་པའི་ཞོར་ཁ་ ཧེ་མ་ལས་དར་ཡོད་པའི་ ཆོས་དང་འཇིག་རྟེན་པའི་དཔེ་དང་དོན་སྟོན་ཚུགས་མི་གཏམ་ཚུ་ བློ་སླབ་པའི་བསྒང་གི་དོན་དང་མཐུནམ་སྦེ་བཙུགས་ཏེ་ སླབ་མི་ལུ་དཔྱེ་གཏམ་ཟེར་གསུངས་འདུག་ཟེར་ཞུ་ནི་ཨིན།
ཁ་བཤད་ཀྱི་རྒྱབ་ཁུངས དོན་གཅིག་ལུ་ཚིག་མ་འདྲཝ་གི་རྫོད་ཚིག་ལེ་ཤ་བཟོ་ཏེ་ འགྲེལ་བཤད་རྐྱབ་ཐོག་ལས་ ཕར་ལོགསམ་ཚུ་ཡིག་ཆེས་ དང་བདེན་འཛིན་རེ་ཏེ་ ཁ་ཡེངས་བཅུག་ཏེ་རང་དབང་ལུ་བཙུགས་ཚུགས་མི་འདི་ལུ་ སླབ་ཨིནམ་སྦེ་གསུངས་ འདུག་ཟེར་ཞུ་ནི་ཨིན།
དཀོན་མཆོག་གསུམ་གྱི་ དཔྱེ་གཏམ།
༉ སངས་རྒྱས་ཆོས་དང་དགེ་འདུན་གསུམ། བསླུ་བ་མེད་པའི་རྐྱབ་གནས་ཨིན། དད་དམ་མོས་གུས་ཚུ་གི་སྒོ་ལས་ སྐྱབས་ཀྱི་མཆོག་ སངས་རྒྱས་དཀོན་མཆོག་ ཆོས་དཀོན་མཆོག་ དགེ་འདུན་དཀོན་མཆོག་གསུམ་ལུ་རྐྱབ་འཚོལན་ ཚེ་འདི་དང་ཕྱི་མ་ནམ་རང་འབད་རུང་ ཐུགས་རྗེ་བྱིན་རླབས་རྒྱུན་མ་ཆད་པ་གཟིགསཔ་ཨིན་ཟེར་བའི་དོན།
ཕ་མའི་དཔྱེ་གཏམ།
༉ ཡོདན་ཡོད་པའི་ཕམ་དྲིན་ཆེ། མེདན་མེད་པའི་ཕམ་དྲིན་ཆེ། དྲིན་མེད་པའི་ཕམ་རྩ་ལས་མེད། ང་བཅས་ར་འཇིག་རྟེན་འཛམ་གླིང་འདི་ནང་ དྲིན་ཆེ་དགོཔ་ལེ་ཤ་ཡོད་འདི་ར་འབད་རུང་ དྲིན་ཆེ་བ་ཕ་དང་མ་ཟེར་སླབ་སྲོལ་ཡོདཔ་བཟུམ་ དྲིན་ཆེ་ཤོས་དེ་ཕ་དང་མ་གཉིས་ཨིནམ་ལས་ ཞབས་ཏོག་བསྙན་བཀུར་གང་དྲག་ཞུ་དགོ་མི་དེ་ག་ར་གི་མཁྱེན་ས་ཨིན། ག་དེམ་ཅིག་འབད་ བཀྲིན་ཅན་གྱི་ཕམ་གཉིས་མེད་དེ་རང་འབད་རུང་ དེའི་དྲིན་སེམས་ཁར་དྲན་ཏེ་ དྲིན་ལན་སྲབ་པའི་དགེ་རྩ་རེ་ཅི་ལྕོགས་གང་ལྕོགས་འབད་དགོཔ་དེ་གལ་ཆེ། དེ་གིས་ཕ་མ་ལུ་ཕན་ཐོག་ཚུགས་པའི་ཁར་ རང་ལུ་ཡང་བསོད་ནམས་སྦོམ་གསག་ཚུགས་ ཟེར་བཤད་པའི་དོན་ཨིནམ་འབད་གསུང་ནུག་ཟེར་ཞུ་ནི་ཨིན།
གོངམ་དང་ རྟེན་ཅིང་འབྲེལ་འབྱུང་གྱི་ ཁ་་གཏམ་ དཔྱེ་གཏམ།
༉ མི་ཆེ་ཡོད་ས་མི་ཆུང་དགོ རྐང་གཡོག་ལག་གཡོག་རྒྱུགས་དགོ་ལོ། རྡོ་ཆེ་ཡོད་ས་རྡོ་ཆུང་དགོ ཧ་ཀ་ཧོ་ཀ་སུབ་དགོ་ལོ། ཟེར་མི་་ཁ་གཏམ་འམ་དཔྱེ་གཏམ་འདི་ འཇིག་རྟེན་འཛམ་གླིང་གི་འགྲོ་ལུགས་དང་བསྟུནམ་ད་ ཆེ་ཆུང་གཉིས་རྟེན་འབྲེལ་ཨིནམ་ལས་ མི་རྒས་ཤོས་ཡང་ན་ མི་སྦོམ་ག་ར་འབད་རུང་ དེ་དང་བསྟུན་པའི་མི་ཆུང་ཀུ་དང་ཕྱག་ཞུ་མི་ཚུ་ཡོད་པ་ཅིན་ གནས་སྟངས་དང་བསྟུན་པའི་རྐངམ་གི་བསྐོར་དགོ་པའི་ལཱ་དང་ ལགཔ་གིས་འབད་དགོ་པའི་ལག་གཡོག་ཚུ་ ཁོང་གིས་རྒྱུགས་ཚུགས་པའི་ཁ་ལུ་ འོགམ་དང་ཨ་ལོ་ཚུ་གིས་འབད་མ་ཚུགས་མི་ལཱ་ཚུ་ག་ར་ མི་སྦོམ་དང་རྒས་ཤོས་ཚུ་གིས་འབད་དེ་ མཉམ་འབྲེལ་ཐོག་ལས་འབད་བ་ཅན་ ལཱ་དང་བྱ་བ་ཚུ་ག་ཅི་རང་ཨིན་རུང་ལེགས་ཤོམ་འབྱུང་འོང་ཟེར་བའི་དོན་ཨིནམ་འབད་གསུང་འདུག་ཟེར་ཞུ་ནི་ཨིན།