ལེགས་བཤད།

དགོས་དོན།
ང་བཅས་མི་ག་ར་འབད་རུང་ འཇིག་རྟེན་འཛམ་གླིང་འདི་ནང་ལུ་ མིའི་ལུས་རྟེན་འདི་ཐོབ་ཞིནམ་ལས་ འབད་དགོ་པའི་ལཱ་འདི་ ཡངན་ རང་གི་མི་ཚེའི་དོན་དང་ ཡངན་ མི་གཞན་དང་ རྒྱལ་ཁབ་ཀྱི་དོན་འབད་དགོཔ་འབྱུངམ་ཨིན། འདི་ཡང་ ང་བཅས་འབྲུག་བཟུམ་མའི་ ནང་པ་ཆོས་ལྡན་གྱི་རྒྱལ་ཁབ་འདི་ནང་ མི་སྡེའི་བསམ་སྤྱོད་ཀྱི་རང་གཤིས་འདི་ ཚེ་འདི་དང་ ཡངན་ མཇུག་ཕྱི་མའི་དོན་འགྲུབ་དགོཔ་ཡོད། དེ་འགྲུབ་ནི་གི་དོན་ལུ་ འཇིག་རྟེན་གྱི་འགྲོ་ལུགས་དང་ མཇུག་ཕྱི་མ་སངས་རྒྱས་ཀྱི་གོ་འཕང་འཐོབ་ནི་གི་ལམ་སྒྲུབ་ཐངས་གཉིས་ཡོད་མི་འདི་ལུ་ ལུགས་གཉིས་ཟེར་སླབ་ཨིན། འདི་ཤེས་ནི་གི་དོན་ལུ་ སྔོན་བྱོན་གོང་མ་ཚུ་གིས་གསུངས་ཏེ་ཡོད་མི་འདི་ལུ་ ལུགས་ཀྱི་བསྟན་བཅོས་ཟེར་སླབ་ཨིནམ་ལས་ དེ་ཤེས་ནི་འདི་ ང་བཅས་མི་ག་ར་ལུ་ཁག་ཆེ་ཤོས་ཅིག་ཨིན།

ག་ཅི་འབད་ཟེར་བ་ཅིན་ ང་བཅས་ར་མི་གཅིག་ལུ་ཡོད་པའི་ བློ་རིག་འདི་བ་ལྷག་སྟེ་རྒྱས་ནིའི་དོན་ལུ་ ཧེ་མ་ལོ་ལེ་ཤ་གི་རིང་ལུ་བྱོན་མི་ མཁས་པ་ཉམས་མྱོང་ཅན་སྐྱེས་བུ་དམ་པ་ཚུ་གིས་ གསུང་བཞག་མི་གི་བསླབ་བྱ་དང་ལུགས་ཀྱི་བསྟན་བཅོས་ཚུ་ལུ་ ཐོས་བསམ་འབད་དེ་བླང་དོར་གྱི་གནས་ལུ་མཁས་པའི་བློ་གྲོས་ཐོབ་ཚུགསཔ་འབད་དགོཔ་ཡོདཔ་ལས་བརྟེན་ཏེ བོད་ཁམས་འབྲུག་གསུམ་ནང་མཁས་པའི་སྙན་གྲགས་ཐོབ་མི་ བླམ་རྒྱལ་དབང་ཉི་མ་ (༡༩༡༣-༡༩༩༨) གིས་གསུངས་བཞག་མི་ སྐྱེ་བོ་ལུགས་ཀྱི་བསྟན་བཅོས་ཟེར་མི་དེ་གི་གོ་དོན་ ང་ར་གིས་ཧ་གོ་མི་ཅིག་འགྲེལ་བཤད་རྒྱབ་སྟེ་ཞུ་ནི་ཨིན། འདི་གིས་ ང་བཅས་འབྲུག་མི་ག་ར་ལུ་ཕན་ཐོགས་སྦོམ་འབྱུང་ཚུགས་པའི་རེ་བ་ཡོད་ཟེར་ཞུ་ནི།

མཆོད་པར་བརྗོད་པ་ནི།
ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་ཉིན་བྱེད་ཤར་བ་དང་། །ཉེས་པའི་མུན་པ་ཀུན་བཅོམ་ནས། །ཡང་དག་ལམ་གྱི་སྒྲོན་མེ་མཆོག །དམ་པའི་བཤེས་གཉེན་ཉི་མར་འདུད། །

ཐབས་མཁས་ཐུགས་རྗེ་དང་ལྡན་པའི་ཐམས་ཅད་མཁྱེན་པ་ རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ལུ་ སྒོ་གསུམ་གུས་པའི་ངང་ལས་ དད་པ་རྩེ་གཅིག་ཏུ་བསྐྱེད་དེ་ཕྱག་འཚལ་ཞིནམ་ལས་ རྒྱལ་བ་རྫོགས་པའི་སངས་རྒྱས་དེ་ཚུ་གི་ཐུགས་རྗེའི་བརྩེ་བའི་འོད་ཟེར་འབུམ་དང་ལྡན་པའི་ཉིན་བྱེད་ ཉི་མའི་དཀྱིལ་འཁོར་གནམ་ཁ་ལུ་ཤར་བ་ན་ འཛམ་གླིང་གི་མུན་པ་དང་འདྲ་བའི་ རང་གི་རྒྱུད་ལུ་ཡོད་པའི་ཚེ་རབས་ཀྱི་ལས་ཉོན་བག་ཆགས་དང་བཅས་པའི་ཉེས་པའི་མ་རིག་པའམ་དུག་ལྔའི་མུན་པ་ཀུན་བཅོམ་ནས་ རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་ནིའི་ཡང་དག་པའི་ལམ་གྱི་སྒྲོན་མེ་མཆོག་ཏུ་གྱུར་པ་དེ་ཉིད་ བླ་མ་དམ་པའི་བཤེས་གཉེན་ཉི་མ་ཚུ་གི་ཞབས་སར་ སྒོ་གསུམ་གུས་པ་ཆེན་པོའི་སྒོ་ལས་འདུད་དེ་ཕྱག་འཚལ་བའི་དོན་ཨིན།

བརྩམ་པར་དམ་བཅའ་བ།
མིག་ལྡན་ལམ་དུ་འཇུག་པ་ལྟར། །ཆོས་ལྡན་བདེ་འགྲོ་འཐོབ་པའི་སླད། །བླང་དོར་གསལ་བའི་རྣམ་དབྱེའི་ཚིག །རྒྱལ་པོའི་མཛོད་ལྟར་བརྩེ་བས་སྦྱིན། །

དབང་པོ་གསལ་བའི་མིག་དང་ལྡན་པའི་སྐྱེ་བོ་འདི་གིས་ བཟང་པོའི་ལམ་དུ་འཇུག་པ་ལྟར་དུ་ ཐོས་བསམ་སྒོམ་གསུམ་གྱི་ཕུན་སུམ་ཚོགས་པའི་ཆོས་དང་ལྡན་མི་ བླ་མ་དམ་པའི་ཞབས་སར་བཅར་ཏེ་ དེ་གི་རྗེས་སུ་ཞུགས་པ་ཅིན་རང་ཡང་བདེ་བའི་ས་ལ་འགྲོ་ནི་འཐོབ་པའི་སླད་དུ་ བླང་བྱ་ཚུལ་མཐུན་གྱི་ལམ་དང་ དོར་བྱ་ཚུལ་མིན་གྱི་ལམ་ཚུ་སོ་སོར་གསལ་བར་བྱེད་པའི་ རྣམ་པར་དབྱེ་བའི་ཚིག་གི་རྣམ་གྲངས་ཀྱི་རིགས་ ཆོས་ཀྱི་རྒྱལ་པོའི་ ཁོ་རའི་བང་མཛོད་ལྟར་ ཕངས་སེམས་མེད་པར་ བརྩེ་བས་གདུལ་བྱ་ལུ་སྦྱིན་པ་བཏང་གནང་དོ་བཟུམ་སྦེ་ མཁས་དབང་རྒྱལ་དབང་ཉི་མ་གིས་ སྐྱེ་བོ་ལུགས་ཀྱི་བསྟན་བཅོས་དཔག་བསམ་མྱུ་གུའི་བསླབ་བྱ་འདི་ཡང་ རིམ་པ་བཞིན་དུ་འོག་ལས་མར་བཤད་སྦྱིན་ནི་ཨིན་ཟེར་དམ་བཅའ་བའི་དོན་སྟོནམ་ཨིན།

རང་ལུ་ཡོན་ཏན་ཡོད་དགོཔ།
འཇིག་རྟེན་འདི་ནང་སྐྱེ་བོ་ཀུན། །ཡོན་ཏན་ཅན་ལ་དགའ་བྱེད་ཅིང་། །སྐྱོན་དང་བཅས་ལ་དེ་ལྟ་མིན། །རང་ལ་ཡོན་ཏན་སྦྱོར་བར་རིགས། །

འཇིག་རྟེན་གྱི་ཁམས་འདི་ནང་ལུ་ཡོད་པའི་སྐྱེ་བོ་ཀུན་ འཆད་རྩོད་རྩོམ་གསུམ་དང་ལྡན་པའི་ཡོན་ཏན་ཅན་ལ་ མི་ཆེ་འབྲིང་ཆུང་གསུམ་ཆ་མཉམ་གྱིས་དད་པ་དང་མོས་གུས་བསྐྱེད་དེ་ བུང་བ་ཚུ་མེ་ཏོག་པདྨ་ལུ་འཁོར་དོ་བཟུམ་སྦེ་དགའ་བར་བྱེད་ཅིང་འཁོར་ནི་ཨིན་པའི་ཁར་ འཆད་རྩོད་རྩོམ་གསུམ་ལུ་མ་མཁས་པའི་སྐྱེ་བོ་མ་རབས་ངན་པའི་སྐྱོན་དང་བཅས་པ་ཡོད་མི་སྐྱེ་བོ་དེ་ལུ་ དེ་ལྟ་མིན་པར་མི་ག་ར་གིས་མི་དགའ་ནི་ཨིན། དེ་འབདཝ་ལས་བརྟེན་ ཧེ་མ་ལས་རང་ལ་ངན་པའི་སྐྱོན་ཚུ་སྤངས་ཚུགས་ཚུགས་སྤངས་ཞིནམ་ལས་ མཁས་པ་ཚུ་གི་ཞབས་སར་བཅར་ཏེ་ ཚེ་འདི་དང་ཕྱི་མ་གཉིས་ཀ་ལུ་ཕན་པའི་ ཤེས་བྱའི་ཡོན་ཏན་ལུ་བརྩོན་འགྲུས་བསྐྱེད་དེ་ མཁས་པའི་ཡོན་ཏན་ལུ་སྦྱོར་བར་རིགས་ཤིང་འཐད་པའམ་ ལྷབ་དགོཔ་ག་ཅི་དེ་ཅིག་ཁག་ཆེ་ཟེར་སྟོན་པའི་དོན་ཨིན།

སྐྱོན་དང་ཡོན་ཏན་དབྱེ་བ་ཕྱེ་ཤེས་དགོཔ།
སྐྱོན་མེད་སྐྱེ་བོ་དཀོན་མོད་ཀྱང་། །སྐྱོན་ལ་སྐྱོན་དུ་མཐོང་ན་ལེགས། །ཕལ་ཆེར་སྐྱོན་དང་ཡོན་ཏན་གཉིས། །སོ་སོར་འབྱེད་པའི་བློ་མིག་ལྡོང་། །

འཛམ་གླིང་ནང་མི་ག་ར་འབད་རུང་ བཅོ་ཁ་རྐྱབ་མ་བཏུབ་པའི་སྐྱོན་མེད་མི་ སྐྱེ་བོ་དཀོན་མོད་ཀྱང་ཟེར་ མི་ག་ར་ལུ་སྐྱོན་རེར་འོང་སྲིད་ནི་ཨིན་མས། འཇིག་རྟེན་པའི་ཁ་གཏམ་ལས་ཡང་ སྐྱོན་མེད་མི་པའི་ དཀོན། མཛེརཔ་མེད་པའི་ཤིང་དཀོན་ཟེར་དོ་བཟུམ་ མ་པ་ལས་འོང་མི་སྲིད་ནི་ཨིན་རུང་ རང་གི་འཛོལ་བ་ཚུ་ རང་གིས་བརྟགས་ཤིང་ལེགས་ཤོམ་སྦེ་དཔྱད་དེ་ སྐྱོན་ལ་སྐྱོན་དུ་ཡིན་པར་ངོས་འཛིན་འབད་དེ་མཐོང་ཚུགས་ན་ སྤང་ནི་གི་བློ་བསྐྱེད་ནི་ཨིནམ་ལས་ དེ་ལེགས་ཤོམ་ཨིན། སྐྱེ་བོ་ཕལ་ཆེར་གྱིས་རང་གི་རྒྱུད་ལུ་ཡོད་པའི་ སྐྱོན་དང་ཡོན་ཏན་གཉིས་ རང་གིས་སོ་སོར་འབྱེད་ཚུགས་པའི་ བློ་གྲོས་དང་མི་ལྡན་པའི་མིག་ལྡོང་ཟེར་ མིག་ཏོ་ཞརཝ་བཟུམ་ཅིག་ཨིན་མས་ཟེར་གསུངས་པའི་དོན་སྟོནམ་ཨིན།

ཡོན་ཏན་ཁག་ཆེ་ཤོས་ཨིནམ་ཧ་གོ་དགོཔ།
ཡོན་ཏན་ཀུན་ཚང་དཀའ་ན་ཡང་། །ཡོན་ཏན་འདི་ཕྱིར་ཕན་པའི་ནོར། །གཞན་གྱིས་དོ་ཟླ་མེད་པ་རུ། །གོ་ན་ཚེས་ཀྱི་ཟླ་བ་འདྲ། །

ང་བཅས་ར་མི་ག་ར་འབད་རུང་ འཆད་རྩོད་རྩོམ་གསུམ་དང་ ཐོས་བསམ་སྒོམ་གསུམ་དང་ལྡན་པའི་ཡོན་ཏན་ཆ་ཚང་ཤེས་ནི་དཀའ་ན་ཡང་ གསེར་སྲང་བརྒྱ་ལས་ཡོན་ཏན་སྣ་གཅིག་དགའ་ཟེར་བའི་དཔྱེ་བཟུམ་སྦེ་ ཡོན་ཏན་ཕུན་སུམ་ཚོགས་པའི་མི་དེ་ ཚེ་འདི་གི་ཐོག་ལུ་མི་ག་ར་གིས་བསྟོད་ཅིང་གོང་དུ་བཀུར་བའི་གནས་སུ་འགྱུར་ནི་དང་ ཚེ་འདི་དང་ཕྱི་མར་ཕན་པའི་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་ཡོན་ཏན་འདི་ མཆོག་ཏུ་གྱུར་པ་འདི་དང་འདྲན་འདྲ་གི་དངོས་པོ་ གཞན་ག་ཡང་མེད་པ་ གཞན་གྱིས་དོ་ཟླ་མེད་པ་འམ་མགྲན་མ་ཚུགསཔ་ཅིག་ཨིན་ཟེར་ གོ་ན་རང་གི་རྒྱུད་ལུ་ཡོན་ཏན་ཡར་ཚེས་ཀྱི་ཟླ་བ་འདྲ་བར་ གོང་ནས་གོང་འཕེལ་འགྱོ་འོང་ཟེར་བའི་དོན་ཨིན།