ཡིག་ཚང་གི་བྱ་སྒོ།

རྫོང་ཁ་གོང་འཕེལ་ལྷན་ཚོགས་ཡིག་ཚང་།

རྫོང་ཁ་གོང་འཕེལ་ལྷན་ཚོགས་ཡིག་ཚང་འདི་ སྡེ་ཚན་གཙོ་བོ་ཁག་བཞི་ལུ་དབྱེ་སྟེ་ཡོད། དེ་ཚུ་ཡང་ དང་པ་ ཞིབ་འཚོལ་དང་ཚིག་མཛོད་སྡེ་ཚན། གཉིས་པ་ རྩོམ་རིག་དང་ཞུན་དག་སྡེ་ཚན། གསུམ་པ་ ལས་རིམ་དང་དར་ཁྱབ་སྡེ་ཚན་ བཞི་པ་ ཡིག་ཚང་ལས་གཡོག་ཞབས་ཏོག་སྡེ་ཚན་ཚུ་ཨིན།

དེ་ཚུ་ལས་ སྡེ་ཚན་དང་པ་དང་གཉིས་པ་གཉིས་ཀྱི་ལཱ་ཚུ་ག་ར་ ཁྱད་རིག་གི་ལཱ་ཙང་ཙ་ར་འབདཝ་ལས་ སྡེ་ཚན་དེ་གཉིས་ཀྱིས་ ཞིབ་འཚོལ་ཐོག་ལས་ ཁུངས་ལྡན་གྱི་བརྡ་གཞུང་དང་ཚིག་མཛོད་ དེ་ལས་ སྡེབ་སྦྱོར་གྱི་རྒྱབ་རྟེན་ཚུ་བརྩམ་སྒྲིག་འབད་དེ་ རྫོང་ཁའི་གནས་ཚད་ཡར་དྲག་ཐོག་ལས་ སྐད་ཡིག་གོང་འཕེལ་གཏང་ནི་དང་། ལས་རིམ་དང་དར་ཁྱབ་སྡེ་ཚན་གྱིས་ རྫོང་ཁ་དར་ཁྱབ་ཀྱི་ལས་རིམ་དང་ཁྱབ་སྤེལ་ སློབ་སྦྱོང་དང་སྦྱོང་བརྡར་འགོ་འདྲེན། རྫོང་ཁའི་ལག་ལེན་ལྟ་ཞིབ་དང་རྒྱབ་སྐྱོར་ལཱ་ཚུ་གི་འགོ་འདྲེན་འཐབ་ཨིན། ཡིག་ཚང་ལས་གཡོག་ཞབས་ཏོག་སྡེ་ཚན་གྱིས་ གཞན་ཁའི་ལས་ཁུངས་ནང་བཟུམ་སྦེ་ར་ ཡིག་ཚང་གི་ལཱ་ཚུ་ལེགས་ཤོམ་སྦེ་འགྲུབ་ཐབས་ལུ་ མི་སྟོབས་དང་ རྩིས་དང་བདག་སྐྱོང་ལཱ་གི་འགོ་འདྲེན་དང་ བརྡ་དོན་འཕྲུལ་རིག་གི་ལཱ་འགན་འགོ་འདྲེན་ཡང་འཐབ་ཨིན།

ལྷན་ཚོགས་ཀྱི་དམིགས་ཡུལ་གཙོ་བོ་རང་ རྒྱལ་ཡོངས་སྐད་ཡིག་རྫོང་ཁ་ཡར་རྒྱས་གོང་འཕེལ་དང་དར་ཁྱབ་གཏང་ནི་དང་ དེ་དང་གཅིག་ཁར་ རྒྱལ་ཁབ་ཀྱི་ངོ་རྟགས་ཅིག་ཨིན་མི་ འབྲུག་གི་གཡུས་སྐད་ཚུ་ཉམས་སྲུང་འབད་ནི་འདི་ཨིནམ་ལས་ སྡེ་ཚན་བཞི་གི་ལཱ་ཆ་མཉམ་རང་ དམིགས་ཡུལ་འདི་གི་འ་གཞི་བཀོད་འོག་ལུ་ཚུདཔ་ཨིན། སྡེ་ཚན་སོ་སོའི་ལས་དོན་ཚུ་གི་དབྱེ་བ་སོ་སོར་བཀོད་ཡོད་རུང་ སྐད་ཡིག་གི་ལཱ་ཚུ་ཕན་ཚུན་གྱི་འབྲེལ་བ་ཡོདཔ་ལས་ འཕྲལ་འཕྲལ་རང་ལཱ་ཚུ་མཉམ་རུབ་ཐོག་ལས་འབད་དགོཔ་འབྱུངམ་ཨིན། ཨིན་རུང་ ལཱ་ཚུ་གི་འཆར་གཞི་བརྩམ་ནི་དང་འགོ་འདྲེན་འཐབ་ནིའི་འགན་འཁྲི་འབག་ནི་ གྲུབ་འབྲས་བཏོན་ནི་ཚུ་གི་དོན་ལུ་ སྡེ་ཚན་སོ་སོའི་ལཱ་གི་འཆར་བཀོད་དང་ ཐབས་ལམ་ལུ་གཞིར་བཞག་གི་ལཱ་འགན་ཚུ་ གཤམ་གསལ་ལུ་འགྲེལ་བཤད་རྐྱབ་སྟེ་བཀོད་ཡོདཔ་བཟུམ་ཨིན།