རྫོང་ཁའི་བརྗོད་སྒྲ།

དགོས་དོན།
བརྗོད་སྒྲ་ཟེར་མི་འདི་ སྐད་ཡིག་ག་ཅི་གི་དོན་ལུ་ཨིན་རུང་ སྐད་ཡིག་གི་ཁྱད་རྣམ་མེད་ཐབས་མེདཔ་ཅིག་ཨིན། དེ་ འབད་ནི་འདི་གིས་ འབྲུག་གི་རྒྱལ་ཡོངས་སྐད་ཡིག་རྫོང་ཁའི་དོན་ལུ་ཡང་ སླབ་ནི་ ཉན་ནི་ ལྷག་ ནི་ འབྲི་ནི་གི་ རིག་རྩལ་ག་ཅི་ནང་ལུ་ཡང་ བརྗོད་སྒྲ་འདི་ག་ནི་ལས་ཁག་ཆེ།
རྫོང་ཁའི་བརྗོད་སྒྲ་ལུ་ ང་རོའི་བརྗོད་སྒྲ། དབྱངས་ལྡན་གྱི་བརྗོད་སྒྲ། སྔོན་འཇུག་དང་རྗེས་འཇུག་ཡང་འཇུག་ཞུགས་ པའི་བརྗོད་སྒྲ། མགོ་ཅན་དང་འདོགས་ཅན་གྱི་བརྗོད་སྒྲ། མིང་མཐའ་ཡར་འདྲེན་དང་དམིགས་བསལ་བརྗོད་སྒྲ་ལ་ སོགས་པ་ལེ་ཤ་ཅིག་རང་ཡོད།
དེ་ཚུ་རེ་རེ་བཞིན་དུ་གི་དབྱེ་བ་དང་ ཡིག་སྡེབ་ལམ་ལུགས་ཤེས་པ་ཅིན་ རྫོང་ཁ་སླབ་ནི་དང་ལྷག་ནི་ལུ་ཐོགས་ ཆགས་མི་འོང་ནི་ཨིནམ་མ་ཚད་ འབྲི་ནི་ལུ་ཡང་ཕན་ཐོགས་སྦོམ་ཡོད།
འདི་འབདཝ་ལས་ ད་རེས་ རྫོང་ཁའི་བརྗོད་སྒྲའི་རྣམ་གཞག་གུ་ལས་ དང་པ་གསལ་བྱེད་ཀྱི་བརྗོད་སྒྲ་ཁ་གསལ་ འབད་ཞུ་ནི་ཨིན།

ལེའུ་དང་པ། གསལ་བྱེད་ཀྱི་ཡི་གུ་དང་བརྗོད་སྒྲ།

ངོ་སྤྲོད། རྫོང་ཁའི་གསལ་བྱེད་ཀྱི་ཡི་གུ་ཀ་ལས་ཨ་ཚུན་ཚོད་སུམ་ཅུ་ཐམ་པ་ཡོད། ཡི་གུ་འདི་ཚུ་གི་ཐོག་ལས་ རང་གི་སེམས་ཁར་ ཤར་མི་གི་དོན་དག་ཚུ་ གསལ་ཏོག་ཏོ་འབད་ ཕྱི་ཁར་བཏོན་ཏེ་གཞན་ལུ་སླབ་ཚུགས་ནི་འདི་གིས་ གསལ་བྱེད་ཀྱི་ཡི་གུ་ ཟེར་སླབ་མ་ཚད་ འདི་ལུ་ཀཱ་ལི་ཟེར་ཡང་སླབ་ཨིན།

༡.༡༽ གསལ་བྱེད་ཀྱི་ཡི་གུ་ཀ།
ཀ སྐྱེ་གནས་དང་འབྱུང་ཚུལ། གསལ་བྱེད་ཀྱི་ཡི་གུ་ཀ་གི་ སྐྱེ་གནས་མགྲིན་པ་ཨིན། ཡི་གུ་འདི་མགྲིན་པ་བསྡམས་སུ་ཅིག་འབད་སླབ་ད་འཐོནམ་ཨིན།
ཁ ཡི་གུའི་ངོས་འཛིན་དང་སྦྱོར་ཚུལ་ཐོབ་ལམ། ཡི་གུ་ཀ་འདི་ གསལ་བྱེད་ཀྱི་མིང་གཞིའི་ཡི་གུ་སུམ་ཅུ་ཐམ་པའི་དང་པ་དང་ སྔོན་འཇུག་དང་རྗེས་འཇུག་ག་ཏེ་ ཡང་མ་འཇུག་པའི་མིང་གཞིའི་ཡི་གུ་ཉི་ཤུའི་དང་པ་ཨིན།
ཡི་གུ་ཀ་འདི་ལུ་འདོགས་ཅན་ཡ་བཏགས་ར་བཏགས་ལ་བཏགས་ཝ་ཟུར་བཞི་ཆ་རང་ཐོབ་པའི་ཁར་ མགོ་ཅན་ ཡང་ར་མགོ་དང་ལ་མགོ་ས་མགོ་གསུམ་ཆ་རང་ཐོབ། སྔོན་འཇུག་ཚུ་ལས་སྔོན་འཇུག་ད་ཀ་རྐྱང་པ་ལུ་དང་ སྔོན་འཇུག་བ་རྐྱང་བརྩེགས་འདོགས་གསུམ་ག་ར་ལུ་ཐོབ་པའི་ཡི་གུ་ཅིག་ཨིན།
ག རྟགས་ཀྱི་དབྱེ་བ་དང་སྒྲ་གདངས།
ཡི་གུ་ཀ་འདི་ མིང་གཞིའི་ཡི་གུ་ཚུ་ལས་ ཕོའི་ཡི་གུ་སྒྲ་དྲག་པོ་འབད་མི་ཅིག་ཨིན། དེ་འབད་ནི་འདི་གིས་ སྒྲ་གདངས་མཐོཝ་ རྐྱངམ་གཅིག་འབད་དེ་འགྱོཝ་ཨིན་མས། འདི་ལུ་སྔོན་འཇུག་དང་མགོ་ཅན་ག་ཅི་སྦྱར་ རུང་ མིང་གཞིའི་བརྗོད་སྒྲ་ལུ་འགྱུར་བ་མེད།
དེ་འབདཝ་ད་ འདོགས་ཅན་ཡ་ར་ལ་གསུམ་སྦྱརཝ་ད་ བརྗོད་སྒྲ་འགྱུར་ཏེ་འགྱོ་ནི་ཡོད་མི་ཚུ་ འོག་ལུ་ འདོགས་ཅན་གྱི་ལེའུ་ནང་ཁ་གསལ་བཀོད་དེ་ཡོད།
ང གོ་དོན་གྱི་འཇུག་པ། ཡི་གུ་ཀ་འདི་གིས་ ཀ་ཆེན། སེམས་ཅན་ཀ་ཤ ཀ་ལ་རྫམ་ཟེར་མི་ཚུ་འབྲི་ནི་གི་དོན་ལུ་འཇུགཔ་ཨིན།།

༡.༢༽ གསལ་བྱེད་ཀྱི་ཡི་གུ་ཁ།
ཀ སྐྱེ་གནས་དང་འབྱུང་ཚུལ།
གསལ་བྱེད་ཀྱི་ཡི་གུ་ཁ་གི་སྐྱེ་གནས་མགྲིན་པ་ཨིན། ཡི་གུ་འདི་མགྲིན་པ་བསྡམས་སུ་ཅིག་འབད་སླབ་ད་འཐོནམ་ཨིན།།
ཁ ཡི་གུའི་ངོས་འཛིན་དང་སྦྱོར་ཚུལ་ཐོབ་ལམ།
ཡི་གུ་ཁ་འདི་མིང་གཞིའི་ཡི་གུ་སུམ་ཅུ་ཐམ་པའི་གཉིས་པ་དང་སྔོན་འཇུག་དང་རྗེས་འཇུག་ག་ཏེ་ཡང་མ་འཇུག་ པའི་མིང་གཞིའི་ཡི་གུ་ཉི་ཤུའི་གཉིས་པ་ཨིན། ཡི་གུ་འདི་ལུ་ འདོགས་ཅན་ཡ་བཏགས་དང་ར་བཏགས་གཉིས་ ཐོབ་རུང་མགོ་ཅན་གྱི་རིགས་ག་ནི་ཡང་མི་ཐོབ།
སྔོན་འཇུག་ཚུ་ལས་མ་དང་འ་གཉིས་རྐྱང་པ་དང་འདོགས་ཅན་གཉིས་ཆ་ར་ལུ་ཐོབ་པའི་ཡི་གུ་ཅིག་ཨིན།
ག རྟགས་ཀྱི་དབྱེ་བ་དང་སྒྲ་གདངས།
ཡི་གུ་ཁ་འདི་ མིང་གཞིའི་ཡི་གུ་ཚུ་ལས་ མ་ནིང་གི་ཡི་གུ་སྒྲ་ཞན་པ་འབད་མི་ཅིག་ཨིན། འདི་ལུ་སྔོན་འཇུག་ ག་ཅི་སྦྱར་རུང་ མིང་གཞིའི་བརྗོད་སྒྲ་ལུ་འགྱུར་བ་མེད། དེ་འབདཝ་ད། འདོགས་ཅན་ཡ་བཏགས་ར་བཏགས་ གཉིས་སྦྱར་ཏེ་འོངམ་ད་ བརྗོད་སྒྲ་འགྱུར་ཏེ་འགྱོ་ནི་ཡོད་མི་འདི་ འོག་ལུ་འདོགས་ཅན་གྱི་ལེའུ་ནང་ཁ་གསལ་ བཀོད་དེ་ཡོད།
ཡི་གུ་ཁ་འདི་ གསལ་བྱེད་ཀྱི་ཡི་གུ་ཧ་དང་བརྗོད་སྒྲ་ནོར་ས་ཡོད། འདི་གཉིས་ཀྱི་བརྗོད་སྒྲ་མ་འདྲ་བའི་ཁྱད་པར་ འདི་ ལྕེའི་ར་ཏོག་དང་ མགྲིན་པ་བསྡམས་སུ་ཅིག་འབད་ ཁ་བརྒྱངས་ཏེ་སླབ་ད་ཁ་དང་ ལྕེ་དང་མགྲིན་པ་ལུ་ ལཱ་ག་ནི་ཡང་མ་བྱིན་པར་ཁ་བརྒྱངས་ཏེ་སླབ་ད་ཧ་ཨིན། འདི་གཉིས་ཀྱི་ཁྱད་པར་སེམས་ཁར་བཞག་སྟེ་སླབ་ དགོཔ་གལ་ཆེ།
ང གོ་དོན་གྱི་འཇུག་པ།
ཡི་གུ་ཁ་འདི་གིས་ ལྟོ་ཟ་མི་གི་ཁ་། སྒྲོམ་ཁ་ཕྱེ། ཁ་ཤ་ཟེར་མི་ཚུ་འབྲི་ནི་གི་དོན་ལུ་འཇུགཔ་ཨིན།

༡.༣༽ གསལ་བྱེད་ཀྱི་ཡི་གུ་ག།
ཀ སྐྱེ་གནས་དང་འབྱུང་ཚུལ།
གསལ་བྱེད་ཀྱི་ཡི་གུ་གའི་སྐྱེ་གནས་མགྲིན་པ་ཅིན། ཡི་གུ་འདི་མགྲིན་པ་བསྡམས་སུ་ཅིག་འབད་སླབ་ད་འཐོནམ་ཨིན།
ཁ ཡི་གུའི་ངོས་འཛིན་དང་སྦྱོར་ཚུལ་ཐོབ་ལམ།
ཡི་གུ་ག་འདི་ གསལ་བྱེད་ཀྱི་མིང་གཞིའི་ཡི་གུ་སུམ་ཅུའི་གསུམ་པ་དང་ སྔོན་འཇུག་ལྔའི་ནང་ལས་དང་པ་ རྗེས་འཇུག་བཅུའི་ནང་ལས་ཡང་དང་པ་ཨིན།
ཡི་གུ་ག་ལུ་འདོགས་ཅན་ཡ་བཏགས་ར་བཏགས་ལ་བཏགས་ཝ་ཟུར་བཞི་ཆ་རང་ཐོབ་པའི་ཁར་ མགོ་ཅན་ར་ མགོ་ལ་མགོ་ས་མགོ་གསུམ་ཆ་རང་ཐོབ། སྔོན་འཇུག་ཚུ་ལས་ད་བ་མ་འ་བཞི་པོ་ རྐྱང་པ་དང་འདོགས་ཅན་ གཉིས་ཆ་ར་ལུ་ཐོབ་པའི་ཁར་ སྔོན་འཇུག་བ་འདི་ ར་མགོ་དང་ས་མགོ་རྐྱང་པ་དང་འདོགས་ཅན་གཉིས་ཆ་ ར་ལུ་ཐོབ་པའི་ཡི་གུ་ཅིག་ཨིན།
ག རྟགས་ཀྱི་དབྱེ་བ་དང་སྒྲ་གདངས།
ཡི་གུ་ག་འདི་མིང་གཞིའི་ཡི་གུ་ཚུ་ལས་ མོའི་ཡི་གུ་འབད་ནི་འདི་གིས་ སྒྲ་ཞན་པ་འབད་མི་ཅིག་ཨིན། དེ་ འབདཝ་ད། སྔོན་འཇུག་དང་རྗེས་འཇུག་གི་སྐབས་ གཉིས་ཆ་ར་ནང་ལུ་ཕོའི་ཡི་གུ་འབད་འཇུག་ནི་ འདི་གིས་ སྒྲ་དྲག་པ་འབད་འགྱོཝ་ཨིན། ཡི་གུ་འདི་ལུ་སྔོན་འཇུག་དང་མགོ་ཅན་ག་ཅི་རང་སྦྱར་རུང་མིང་གཞིའི་བརྗོད་ སྒྲ་ལུ་འགྱུར་བ་མེད། ཨིན་རུང་ མིང་གཞིའི་མོ་ཡིག་སྒྲ་ཞན་པ་འབད་ནི་འདི་གིས་ ང་རོ་འདི་རང་གི་སྒྲ་ གདངས་མཐོ་དམན་བར་གསུམ་འབད་འགྱོཝ་ཨིན། དཔྱེ་འབད་བ་ཅིན། མི་ག་སྨོ ? ཟེར་བའི་སྐབས་ཀྱི་ག་ འདི་ སྒྲ་མཐོ་བ་དང་། ཁྱིམ་གྱི་སྒོ་ཟེར་བའི་སཀབས་སྒྲ་བར་མ་དང་། འདི་ངེ་གི་གོ་ཨིན་ཟེར་བའི་གོ་འདི་ སྒྲ་དམན་པ་ འབད་འགྱོ་མི་ཚུ་གི་ཁྱད་པར་ཤེས་དགོ།
ཡི་གུ་ག་ལུ་འདོགས་ཅན་ཡ་ར་ལ་གསུམ་སྦྱརཝ་ད་ བརྗོད་སྒྲ་འགྱུར་ཏེ་འགྱོ་ནི་ཡོད་མི་འདི་ འོག་ལུ་འདོགས་ ཅན་གྱི་ ལེའུ་ནང་ཁ་གསལ་བཀོད་དེ་ཡོད།
ང གོ་དོན་གྱི་འཇུག་པ།
ཡི་གུ་ག་འདི་གིས་ སེམས་དགའ་ནི། མི་ག་ར། ཤིང་འབྲས་གོན་ཅུང་ཚུ་འབྲི་ནི་གི་དོན་ལུ་འཇུགཔ་ཨིན།

༡.༤༽ གསལ་བྱེད་ཀྱི་ཡི་གུ་ང་།
ཀ སྐྱེ་གནས་དང་འབྱུང་ཚུལ།
གསལ་བྱེད་ཀྱི་ཡི་གུ་ ང་གི་སྐྱེ་གནས་མགྲིན་པ་ཨིན།
ཡི་གུ་འདི་མགྲིན་པ་བསྡམས་སུ་ཅིག་འབད་སླབ་ད་འཐོནམ་མ་ཚད་ ཉེ་བའི་སྐྱེ་གནས་ལྷ་པ་གི་གྲོགས་རམ་ལུ་ བརྟེན་དགོཔ་ལས་ སྣ་སྒྲ་དང་ལྡན་པའི་ཡི་གུ་ཟེར་ཡང་སླབ་ཨིན།
ཁ ཡི་གུའི་ངོས་འཛིན་དང་སྦྱོར་ཚུལ་ཐོབ་ལམ།
ཡི་གུ་ང་འདི་གསལ་བྱེད་ཀྱི་མིང་གཞིའི་ཡི་གུ་སུམ་ཅུ་ཐམ་པའི་བཞི་པ་དང་ རྗེས་འཇུག་བཅུའི་ནང་ལས་གཉིས་ པ་ཨིན། ཡི་གུ་ང་འདི་ལུ་འདོགས་ཅན་གྱི་རིགས་ག་ནི་ཡང་མི་འཇུག་ མགོ་ཅན་ར་མགོ་ལ་མགོ་ས་མགོ་ གསུམ་ཆ་རང་ཐོབ་པའི་ཁར་ མགོ་ཅན་ར་དང་ས་འབད་མི་ལུ་ སྔོན་འཇུག་བ་ཡང་ཐོབ་པའི་ཡི་གུ་ཅིག་ཨིན།
ག རྟགས་ཀྱི་དབྱེ་བ་དང་སྒྲ་གདངས།
ཡི་གུ་ང་འདི་ མིང་གཞིའི་ཡི་གུ་ཚུ་ལས་ཤིན་ཏུ་མོའི་ཡི་གུ་འབད་ནི་འདི་གིས་སྒྲ་མཉམ་པ་ཟེར་ མོའི་ཡི་གུ་ ལས་ཡང་སྒྲ་ཞན་སུ་ཅིག་ཨིན། རྗེས་འཇུག་གི་སྐབས་ལུ་ཡང་ མོའི་ཡི་གུ་འབད་ནི་འདི་གིས་ སྒྲ་ཞན་པ་ འབད་འགྱོཝ་ལས་བརྟེན་ སྔོན་འཇུག་དང་མགོ་ཅན་ཚུ་སྦྱར་ཏེ་འོངམ་ད་ བརྗོད་སྒྲ་མ་འདྲཝ་འབད་སོར་ཏེ་ འགྱོཝ་ཨིན། དེ་ཚུ་འོག་ལུ་མགོ་ཅན་གྱི་བརྗོད་སྒྲ་དང་ རྗེས་འཇུག་ཅན་གྱི་བརྗོད་སྒྲའི་ལེའུ་ཚུ་ནང་ཁ་གསལ་ འབད་བཀོད་དེ་ཡོད།
ང གོ་དོན་གྱི་འཇུག་པ།
ཡི་གུ་ང་འདི་གིས་ མི་ང་ཨིན། བྱ་ངངམ། ང་རྒྱལ་ཟེར་མི་ཚུ་འབྲི་ནི་གི་དོན་ལུ་འཇུགཔ་ཨིན།

འདི་གི་འཕྲོ་ཤུལ་མའི་འཐོན་རིམ་ནང་གཟིགས་གནང་།