གནས་ཚུལ།

དུས་ཅི་གི་རྫོང་ཁའི་དཔེ་དེབ་དྲག་ཤོས།

བཙུགས་ཚེས: ༢༠༡༦-༠༦-༠༢

ལོ་བསྟར་བཞིན་དུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཡིག་ཚང་གིས་ སྤྱི་ཟླ་ ༦ པའི་ཚེས་ ༢ ལུ་ ང་བཅས་རའི་དཔལ་མི་དབང་འབྲུག་རྒྱལ་བཞི་པ་ འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གི་གསེར་ཁྲི་མངའ་གསོལ་གྱི་ཉིནམ་དང་འབྲེལ་ དཔེ་དེབ་འགྲན་བསྡུར་གྱི་ལས་རིམ་ཅིག་འགོ་འདྲེན་འཐབ་དོ་ཡོདཔ་ཨིན། ལས་རིམ་འདི་ སྤྱི་ལོ་ ༢༠༠༠ ལུ་འགོ་བཙུགས་ཡོདཔ་དང་ དུས་ཅི་གི་ལས་རིམ་འདི་ ཐེངས་ ༡༣ པ་ཨིན།

ད་རེས་ཀྱི་འགྲན་བསྡུར་ནང་ལུ་ དཔེ་དེབ་བསྡོམས་ ཁག་ ༥ ཡོད་ས་ལས་ ཀེ་ཨིམ་ཊི་གིས་རྩོམ་སྒྲིག་འབད་དེ་ཡོད་པའི་ དཔེ་དེབ་༼དད་པའི་ས་བོན་གླེགས་བམ་གསུམ་པ༽ ཟེར་མི་འདི་གིས་དྲག་ཤོས་ཐོན་ཡོདཔ་ལས་ ལྷན་ཚོགས་ཡིག་ཚང་གིས་དཔེ་དེབ་དྲག་ཤོས་ཀྱི་གསོལ་ར་དངུལ་རྐྱང་ ༥༠,༠༠༠ ༼ལྔ་ཁྲི་ཐམ་པ༽ དང་ལག་ཁྱེར་གནང་ཡོད། དེ་ལས་ འགྲན་བསྡུར་ནང་ལུ་བཅའ་མར་གཏོགས་མི་གཞན་ག་ར་ལུ་ ངལ་རངས་ཀྱི་ལག་ཁྱེར་རེ་ཡང་གནང་ཡོད།

དཔེ་དེབ་གཞན་མི་ཚུ་ཡང་

༡༽ འཇིག་རྟེན་ཕོ་མོའི་བསླབ་བྱ།
༢༽ གྲུབ་དབང་བླ་མ་བསོད་ནམས་བཟང་པོའི་མཛད་རྣམ་བྱིན་རླབས་འོ་མའི་ཆུ་རྒྱུན།
༣༽ བློ་ཟེ་དགའ་བའི་ཟློས་གར།
༤༽ བསྔགས་བརྗོད་གཡས་འཁྱིལ་དུང་གི་སྒྲ་དབྱངས་ཚུ་ཨིན།

 དཔེ་དེབ་ཚུ་ག་ར་སྔར་སྲོལ་ལམ་ལུགས་ཚུ་གི་སྐོར་ལས་ཨིནམ་ལས་ སྤྲོ་བ་ཆེ་ཏོག་ཏོ་ཡོདཔ་དང་ ལྷག་པར་དུ་ ལས་རིམ་འདི་གིས་ རྫོང་ཁའི་རྩོམ་སྒྲིགཔ་མཁས་མཆོག་ཚུ་ལུ་རྒྱུད་བསྐུལ་འབད་བ་གིས་མ་ཚད་ རྩོམ་རིག་གོང་འཕེལ་གཏང་ནི་ལུ་ཡང་ཕན་ཐོགས་སྦོམ་ར་ཡོདཔ་ཨིན། ལས་རིམ་འདི་ རྫོང་ཁ་གོང་འཕེལ་ལྷན་ཚོགས་དང་ ཇ་པཱན་གྱི་ཨ་གྷོན་ཤུའི་མ་དངུལ་རྒྱབ་སྐྱོར་ཐོག་ལུ་འགོ་འདྲེན་འཐབ་ཡོདཔ་ཨིན།