རྩོམ་སྒྲིག་དང་དཔེ་སྐྲུན་སྡེ་ཚན།

རྩོམ་སྒྲིག་དང་དཔེ་སྐྲུན་སྡེ་ཚན་འདི་ནང་ ལས་ཚན་གསུམ་ཡོད། དེ་ཡང་ རྩོམ་སྒྲིག་ལས་ཚན། སྐད་སྒྱུར་དང་ཞུན་དག་ལས་ཚན། བཀོད་རིས་དང་དཔེ་སྐྲུན་ལས་ཚན་བཅས་གསུམ་ཨིན།

རྩོམ་སྒྲིག་ལས་ཚན།

རྒྱལ་ཁབ་ནང་ སྐད་ཡིག་དང་མི་སྡེའི་རིམ་འགྱུར་དང་འཁྲིལ་ཏེ་ ལེགས་སྒྱུར་དང་གོང་འཕེལ་གྱི་དོན་ཚན་ཐོག་ལུ་ རྩོམ་སྒྲིག་དང་སྐད་སྒྱུར་ལས་ཚན་གྱི་ལཱ་དང་འགན་ཁུར་ཚུ་གཤམ་གསལ་ལྟར་ཨིན།

རྫོང་ཁའི་ཡིག་ཐོག་གི་རྩོམ་རིག་ཉམས་སྲུང་།

རྫོང་ཁ་གོང་འཕེལ་གྱི་དོན་ལུ་ སྔོན་གྱི་རྩོམ་རིག་ དེ་ཡང་ སྲུང་དང་ སྙན་ངག་ ཞབས་ཁྲ་ འབྲི་རྩོམ་ དཔེ་གཏམ་ལ་སོགས་པ་ཚུ་ ཧེ་མ་ལས་ཡིག་ཐོག་བཀོད་དེ་ཡོད་མི་ཚུ་ ཞིབ་འཚོལ་དང་བསྡུ་ལེན་ དཔེ་སྐྲུན་ཚུ་གི་ཐོག་ལས་ ཡིག་ཐོག་རྩོམ་རིག་ཕྱུགཔོ་ཡོད་མི་འདི་ཉམས་སྲུང་འབད་ནི་ལུ་ཤུགས་བཏོན་ནི།

བརྙ་ལེན་གྱི་མིང་ཚིག་ཚུ་གི་ཞིབ་འཚོལ།

རྫོང་ཁའི་མིང་ཚིག་འབོལ་དྲགས་བཟོ་ནིའི་དམིགས་དོན་ལུ་ རྫོང་ཁའི་རྗོད་སྒྲ་རིག་པ་དང་བརྡ་གཞུང་གི་རྩ་དོན་ཚུ་དང་འཁྲིལ་ ཆོས་སྐད་དང་སྐད་ཡིག་གཞན་ཁའི་མིང་ཚིག་ རྫོང་ཁའི་ནང་བརྙ་ལེན་འབད་ནི་གི་འོས་འབབ་ཡོད་མེད་ཞིབ་འཚོལ་འབད་དེ་ འོས་འབབ་ཡོད་མི་ཚུ་གི་བརྡ་སྦྱོར་གྱི་རིམ་པ་གཏན་འབེབས་བཟོ་ནི།

ངག་ཐོག་རྩོམ་རིག་ཡིག་ཐོག་བཀོད་ནི།

ཧེ་མ་ཡིག་ཐོག་བཀོད་དེ་མེད་མི་ ངག་ཐོག་གི་རྩོམ་རིག་ལམ་ལུགས་ཚུ་ཉམས་སྲུང་འབད་ནི་དང་ འབྲུག་གི་མི་སྡེའི་ནང་ལུ་སླབ་སྲོལ་ཡོད་པའི་ངག་ཐོག་རྩོམ་རིག་ཡོད་ཚད་ག་ར་ཡིག་ཐོག་བཀོད་དེ་བསྡུ་ལེན་འབད་ཐོག་ལས་ རྫོང་ཁའི་ཐོག་ལུ་རྩོམ་རིག་ཡར་དྲག་བཟོ་ནི་དང་ ངག་ཐོག་རྩོམ་རིག་ཚུ་ཉམས་སྲུང་འབད་ནི་ལུ་བརྩོན་ཤུགས་བསྐྱེད་ནི།

རྫོང་ཁའི་རྩོམ་རིག་གོང་འཕེལ།

རྫོང་ཁའི་རྩོམ་རིག་གོང་འཕེལ་གྱི་དོན་ལུ་ ཤེས་བྱ་སྤྱི་དང་ལྷག་པར་འབྲུག་གི་ཆོས་དང་ལམ་སྲོལ་ཚུ་དང་འབྲེལ་བའི་འཆར་རྩོམ་དང་དངོས་རྩོམ་ལ་སོགས་པའི་འབྲི་རྩོམ་གྱི་རིགས་ སྙན་རྩོམ་ སྲུང་ཐུང་ཀུ་ རྣམ་ཐར་དང་རྟོགས་བརྗོད་ལ་སོགས་པའི་དཔེ་དེབ་གསར་རྩོམ་ཐོག་ལས་རྫོང་ཁའི་རྩོམ་རིག་གོང་འཕེལ་གཏང་ནི།

རྫོང་ཁའི་སྐད་ཡིག་དཔེ་དེབ།

འབྲུག་མི་དང་ཕྱི་མི་ རྫོང་ཁ་ལྷབ་མི་ཚུ་གི་དོན་ལུ་ གནས་རིམ་མ་འདྲཝ་ཚུ་ནང་ལུ་ རྫོང་ཁའི་སྐད་ཡིག་སློབ་སྦྱོང་གི་དཔེ་དེབ་ཚུ་བཟོ་ནི།

རྫོང་ཁའི་སྡེབ་སྦྱོར་ཚད་ལྡན་བཟོ་ནི།

རྫོང་ཁའི་སྒྲ་གདངས་གནས་ལུགས་ཀྱི་ཞིབ་འཚོལ་འབད་ཐོག་ལས་ རྫོང་ཁའི་ཡིག་སྡེབ་ལེགས་བཅོས་འབད་དགོཔ་ཡོད་མི་ཚུ་གི་དོན་ལུ་ རྫོང་ཁའི་སྡེབ་སྦྱོར་ཚད་ལྡན་གྱི་ཡིག་སྡེབ་ལམ་སྟོན་བཟོ་ནི།

སློབ་སྦྱོང་དང་སྦྱོང་བརྡར་གྱི་རྒྱབ་རྟེན་དང་གཞི་རྟེན་གྱི་ཁུངས་གཏུགས་དཔེ་དེབ།

གནས་རིམ་མ་འདྲཝ་ཚུ་ནང་ལུ་  ཞི་གཡོགཔ་དང་སྤྱིར་བཏང་མི་མང་གཞན་ཚུ་གི་རྫོང་ཁའི་ཁྱད་ཡོན་ཡར་དྲག་བཟོ་ནི་དང་ དོ་རུང་ འབྲུག་འདི་ རྫོང་ཁ་མཐར་ཕྱིན་པའི་མི་སྡེ་ཅིག་སྦེ་བཟོ་ནིའི་དམིགས་དོན་འགྲུབ་ཐབས་ལུ་ སློབ་སྦྱོང་དང་སྦྱོང་བརྡར་གྱི་རྩ་གཞུང་དང་ དེ་དང་འཁྲིལ་བའི་ རྒྱབ་རྟེན་ གཞི་རྟེན་དང་ཁུངས་གཏུགས་དཔེ་དེབ་ཚུ་བཟོ་ནི།

ལས་ཁུངས་གཞན་དང་མཉམ་འབྲེལ།

འབྲེལ་ཡོད་ཀྱི་ལས་ཁུངས་གཞན་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་དང་ཤེས་རིག་ལྷན་ཁག་འོག་གི་ཆོས་ཚན་རྩ་གཞུང་དང་ཁྱད་རིག་རྒྱབ་སྐྱོར་སྡེ་ཚན་དང་ གཞི་རྟེན་ཤེས་ཡོན་ཚུ་ནང་ལུ་ དགོས་མཁོ་དང་འཁྲིལ་ཏེ་ དཔེ་དེབ་རྩོམ་སྒྲིག་ནང་མཉམ་རུབ་འབད་དགོཔ་ཡོད་མི་ཚུ་གི་འགན་ཁག་ཡང་འབག་ནི།

ཆོས་སྐད་རྫོང་ཁའི་སྐད་སྒྱུར།

རྫོང་ཁའི་རྩོམ་རིག་གོང་འཕེལ་གཏང་ནིའི་དམིགས་དོན་ལུ་དང་ དེ་མ་ཚད་ གཞན་ཡང་ འབྲུག་མི་ཚུ་ལུ་ཆོས་སྐད་ནང་ཡོད་པའི་རྒྱལ་རབས་ ཆོས་འབྱུང་ ལས་རྒྱུ་འབྲས་ བསམ་སྤྱོད་ཤེས་ཡོན་ ནང་པའི་ཆོས་ཀྱི་ཁུངས་དོན་ཤེས་ཡོན་ཚུ་འཐོབ་ཚུགས་ནི་གི་དོན་ལུ་ ཆོས་སྐད་ཀྱི་རྩོམ་རིག་དཔེ་དེབ་ཚུ་དགོས་མཁོ་དང་འཁྲིལ་ཏེ་ རྫོང་ཁ་ནང་ སྐད་སྒྱུར་འབད་ནི་དང་འགོ་འདྲེན་འཐབ་ནི།

སྐད་རིག་གཞན་དང་རྫོང་ཁའི་སྐད་སྒྱུར།

ཆོས་སྐད་ནང་ཡོད་མི་རྩོམ་རིག་གིས་མ་དོ་བར་ ཨིང་ལིཤ་གིས་གཙོས་པའི་སྐད་ཡིག་གཞན་གྱི་ནང་ལུ་ རྒྱལ་ཁབ་ལུ་མཁོ་ཆེ་བའི་གནད་དོན་སྣ་ཚོགས་དང་ མཁས་པ་གཞན་གྱི་རྩོམ་རིག་ཁྱད་པར་ཅན་ཡོད་མི་ཚུ་ འབྲུག་མི་ཚུ་གིས་ཤེས་ཚུགས་ཐབས་ལུ་ ཨིང་ལིཤ་ནང་ལས་རྫོང་ཁའི་ནང་སྐད་སྒྱུར་འབད་ནི།

གཞུང་གི་ཡིག་ཆ་གལ་ཅན་ཚུ་སྐད་སྒྱུར་འབད་ནི།

གཞུང་གི་ཡིག་ཆ་གལ་ཅན་སྒེར་སྡེ་ལུ་ སྤྲོད་འོས་མེད་པའི་གསང་བའི་ཡིག་ཆ་སྐད་སྒྱུར་འབད་དགོཔ་རེ་ཐོན་པ་ཅིན་ གཞུང་གི་བཀའ་བཞིན་ སྐད་སྒྱུར་འབད་ནི།

སྐད་སྒྱུར་གྱི་སྦྱོང་བརྡར།

རྒྱལ་ཁབ་ནང་ལུ་སྐད་སྒྱུར་ལཱ་གི་གནས་རིམ་ཚད་ལྡན་བཟོ་ནི་དང་ ཁྱད་རིག་ཅན་གྱི་སྐད་སྒྱུར་པའི་མི་སྟོབས་གོང་འཕེལ་གཏང་ནི་གི་དོན་ལུ་ ཨིང་ལིཤ་དང་རྫོང་ཁ་ ཆོས་སྐད་ལས་རྫོང་ཁ་ནང་ལུ་ སྐད་སྒྱུར་འབད་ཐངས་ཀྱི་ལམ་སྟོན་དཔེ་དེབ་ཚུ་བཟོ་སྟེ་ སྐད་སྒྱུར་གྱི་ཁྱད་རིག་དང་ཐབས་རིག་གི་སྦྱོང་བརྡར་ཚུ་བྱིན་ནི།