རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ངོ་སྤྲོད།

རྒྱབ་ཁུངས།

འབྲུག་གི་རྒྱལ་ཡོངས་སྐད་ཡིག་རྫོང་ཁ་འདི་ དུས་རབས་ ༡༧ པའི་ནང་ འབྲུག་གཞུང་དབུ་བརྙེས་པའི་སྐབས་ལས་རང་ རྒྱལ་ཁབ་འདི་གི་གཞུང་ཁ་སྦེ་ལག་ལེན་འཐབ་སྟེ་སྡོད་ནུག སྤྱི་ལོ་ ༡༩༧༡ ལས་འབྲུག་བརྒྱུད་འཛིན་གྱི་རྒྱལ་རབས་གསུམ་པ་ མངའ་བདག་མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་གིས་ རྫོང་ཁ་ཡིག་ཐོག་ལུ་བྲི་ནི་གི་སྲོལ་བཏོད་དེ་ རྒྱལ་ཡོངས་སྐད་ཡིག་ལུ་དྲིལ་བསྒྲགས་གནང་ནུག

དེ་ལས་ཚུར་ འབྲུག་གཞུང་ཤེས་རིག་ལས་ཁུངས་ཀྱིས་ རྫོང་ཁའི་སློབ་དེབ་ལོགས་སུ་པར་སྐྲུན་འབད་དེ་ རྒྱལ་ཡོངས་སློབ་གྲྭ་ཁག་ཚུ་ནང་ ཆོས་ཚན་གཙོ་བོ་ཅིག་སྦེ་སློབ་སྟོན་འབད་ནི་འགོ་བཙུགས་ནུག སྤྱི་ལོ་ ༡༩༨༦ ལུ་ ལོ་ལྔ་པའི་འཆར་གཞི་དྲུག་པ་འགོ་བཙུགས་པའི་སྐབས་ མི་དབང་འབྲུག་རྒྱལ་བཞི་པའི་ཞབས་ལས་ རྒྱལ་ཁབ་གཅིག་དང་མི་སེར་གཅིག་གི་སྲིད་བྱུས་འགོ་བཙུགས་གནངམ་ད་ མི་མང་གཅིག་མཐུན་བཟོ་ནི་གི་དོན་ལུ་ ཁག་ཆེ་ཤོས་ཅིག་ སྐད་ཡིག་འདི་འབདཝ་ལས་ རྫོང་ཁ་གོང་འཕེལ་གྱི་སྲིད་བྱུས་ལུ་གཙོ་བོར་བཏོན་ཏེ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་འདི་གཞི་བཙུགས་གནང་ནུག དེ་བཟུམ་ཅིག་སྦེ་ འབྲུག་གི་རྒྱལ་ཡོངས་ཚོགས་འདུ་ཆེན་མོའི་ནང་ལས་ཡང་ རྫོང་ཁ་འདི་རྒྱལ་ཁབ་ཀྱི་ངོ་རྟགས་ངོ་མ་ཅིག་ཨིནམ་ལས་ ལག་ལེན་གཙོ་བོར་བཏོན་དགོ་པའི་གྲོས་ཆོད་ ནན་བསྐྱར་གནང་ཡོདཔ་ལས་བརྟེན་ཏེ་ གཞུང་གི་ཁ་ཐུག་ལས་ རྫོང་ཁ་ཁག་ཆེཝ་སྦེ་ཆ་འཇོག་གནང་སྟེ་ཡོད།