ལས་དོན།
འབྲུག་གི་རྒྱལ་ཡོངས་སྐད་ཡིག་རྫོང་ཁའི་དམིགས་དོན་འགྲུབ་ཐབས་ལུ་ སྲིད་བྱུས་ཀྱི་ལམ་སྟོན་དང་འཁྲིལ་ཏེ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ཁ་ཐུག་ལས་ གྲུབ་འབྲས་བཏོན་དགོ་པའི་ལས་དོན་ཚུ་དབྱེ་ཁག་བཞི་ནང་སྦེ་བཀོད་དེ་ཡོད།
གནས་ཚད་ཡར་དྲག་གི་ལས་དོན་འགྲུབ་དགོཔ།
- རྫོང་ཁ་འདི་ དུས་མཐུན་གྱི་རྒྱལ་ཡོངས་སྐད་ཡིག་ལུ་བཟོ་སྟེ་ རྒྱལ་ཡོངས་སྐད་ཡིག་གི་གནས་ཚད་ཡོདཔ་སྦེ་བཟོ་དགོཔ་ཨིན།
- རྫོང་ཁའི་གཞི་རྟེན་དང་ རྒྱབ་སྐྱོར་ལུ་ཕན་པའི་ཆོས་སྐད་དང་རྒྱལ་ཁབ་ནང་འཁོད་ཀྱི་སྐད་ཡིག་ཚུ་ལུ་ ཞིབ་འཚོལ་ ག་བསྡུར་ ཞིབ་འཇུག་གི་ཐོག་ལས་ རྫོང་ཁ་དང་ རྒྱལ་ཁབ་ནང་ཁག་ཆེ་བའི་ སྐད་ཡིག་ཚུ་གཅིག་གིས་གཅིག་ལུ་ ཕན་ཐབས་ཡོདཔ་སྦེ་བཟོ་དགོཔ་ཨིན།
- ཡིག་སྡེབ་དང་མིང་ཚིག་ཚུ་ རྫོང་ཁའི་ངག་གཤིས་དང་མ་འགལ་བའི་ཐོག་ལས་ མི་མང་གིས་ལག་ལེན་འཐབ་གོ་བདེ་བའི་ཐབས་ལམ་བརྩམ་དགོཔ་ཨིན།
- རྫོང་ཁའི་ངག་གཤིས་ལུ་ཡོད་པའི་ ངག་ཐོག་རྩོམ་རིག་ཚུ་ཞིབ་འཚོལ་དང་ བསྡུ་ལེན་ དབྱེ་དཔྱད་ཐོག་ལས་ ཐོ་བཀོད་འབད་དགོཔ་ཨིན།
- ས་གནས་ཀྱི་མིང་གནས་(དཔེར་ན་ རྫོང་ཁག་ རྒེད་འོག་ ས་གནས་ ཁྲོམ་ ཚོང་ཁང་ གུང་ཨང་ གཡུས་ཚན་ མཚོ་ ལམ་ ཆུ་ ཟམ་ ལ་ རི་ ལ་སོགས་པའི་)ཞིབ་འཚོལ་དང་ གནས་སྡུད་ བསྡུ་ལེན་ཐོག་ལས་ ཡིག་སྡེབ་དང་མིང་ཚིག་ ཁུངས་ལྡན་བཟོ་སྟེ་ལག་ལེན་འཐབ་དགོཔ་ཨིན།
- རྒྱལ་ཁབ་ནང་གི་ རྫོང་ཁའི་དཔེ་དེབ་དང་ཡིག་ཆ་ཚུ་གི་ནང་ ཡིག་སྡེབ་དང་མིང་ཚིག་ཚུ་ཚུལ་མཐུན་མེད་མི་ཚུ་ བཀག་འཛིན་འབད་དེ་ མ་བཏུབ་པའི་ཡིག་སྡེབ་དང་ཡིག་ཆ་འཐོན་ནི་མེདཔ་བཟོ་དགོཔ་ཨིན།