སྲིད་བྱུས་དང་ཐབས་ལམ།
འབྲུག་གི་རྒྱལ་ཡོངས་སྐད་ཡིག་གི་སྲིད་བྱུས་དང་ཐབས་ལམ་འདི་ འབྲུག་གི་རྩ་ཁྲིམས་ཆེན་མོ་དང་ མི་དབང་འབྲུག་རྒྱལ་རིམ་བྱོན་གྱི་བཀའ་དགོངས་ རྒྱལ་ཡོངས་ཚོགས་འདུ་ཆེན་མོའི་གྲོས་ཆོད་ཚུ་གི་དགོངས་དོན་ཚུ་དང་མཐུན་པར་ གཤམ་གསལ་ལྟར་དུ་ཨིན།
- རྒྱལ་ཁབ་རང་དབང་གི་ངོ་རྟགས་དང་ མི་མང་གཅིག་སྒྲིལ་གྱི་དོན་ལུ་ རྫོང་ཁ་འདི་རྒྱལ་ཡོངས་སྐད་ཡིག་ཨིན།
- རྫོང་ཁ་འདི་ དུས་མཐུན་གྱི་མི་སྡེ་ལུ་ཕན་ཐབས་ཆེ་བའི་ཡར་རྒྱས་དང་གོང་འཕེལ་རིམ་པར་གཏང་དགོཔ་ཨིན།
- རྫོང་ཁའི་མིང་ཚིག་དང་ ཡིག་སྡེབ་གསར་བཟོ་འབད་ནི་དང་ ལག་ལེན་ཐབས་ལམ་ཚུ་གི་ཐག་གཅད་དབང་ཚད་འདི་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ལུ་ཡོད།
- རྫོང་ཁ་གོང་འཕེལ་གཏངམ་དང་གཅིག་ཁར་ རྒྱལ་ཁབ་ནང་གི་ལུང་ཕྱོགས་སོ་སོའི་ཁ་སྐད་ཚུ་ཡང་ ཉམས་སྲུང་ འབད་ཐབས་བསྒྲིག་དགོཔ་ཨིན།
- རྒྱལ་ཁབ་ནང་ ཧེ་མ་ལས་སྲོལ་བཏོད་ཡོད་པའི་མགྱོགས་ཡིག་དང་གཅིག་ཁར་ ཆོས་སྐད་ཀྱི་ཚུགས་ཡིག་ཡང་ ལག་ལེན་འཐབ་ནི་ཨིན།
- རྫོང་ཁའི་ཡིག་སྡེབ་ལམ་ལུགས་འདི་ ཧི་མ་ལ་ཡཱན་གྱི་ངག་གཤིས་དང་མཐུན་པའི་དབྱངས་གསལ་ ༣༤ གི་བརྡ་སྦྱོར་ལམ་ལུགས་ལུ་གཞི་རྟེན་འབདཝ་ཨིན།