རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་རེ་དོན་དང་དམིགས་དོན།

ལྷན་ཚོགས་ཀྱི་རེ་དོན།

རྒྱལ་ཁབ་ཀྱི་རྒྱལ་ཡོངས་སྐད་ཡིག་རྫོང་ཁ་ གོང་འཕེལ་དང་དར་ཁྱབ་བཏང་ཐོག་ལས་ རྒྱལ་ཁབ་རང་དབང་གི་ངོ་རྟགས་གསལ་སྟོན་འབད་ཚུགས་ནི་དང་ རྒྱལ་ཁབ་ཀྱི་ཞི་བདེ་དང་སྲུང་སྐྱོབ་བཙན་ཐབས་ལུ་ མི་མང་གི་གཅིག་མཐུན་དང་གཅིག་སྒྲིལ་སྒྲིང་སྒྲིང་བཟོ་ཐབས་དང་ རྒྱལ་ཡོངས་ལུ་བརྡ་དོན་སྤྲོད་ལེན་གྱི་འབྲེལ་ཟམ་ ཆོས་དང་ལམ་སྲོལ་རྒྱུན་འཛིན་གྱི་སྲོག་ཤིང་གཅིག་ལུ་འགྲུབ་ཚུགས་ནི་ཨིན།

དེ་མ་ཚད་ རྒྱལ་ཁབ་ནང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་དམིགས་དོན་འགྲུབ་ནི་ལུ་ཡང་ ཁག་ཆེ་བའི་ཀ་ཆེན་ཅིག་འབད་དེ་ སྲོལ་རྒྱུན་གྱི་བརྩི་མཐོང་དང་བསམ་སྤྱོད་ཤེས་ཡོན་གྱི་ལྟ་བ་སྤེལ་ཏེ་ ཕྱི་དངོས་པོའི་དཔལ་འབྱོར་གོང་འཕེལ་དང་འདྲན་འདྲ་ ནང་སེམས་ཀྱི་བདེ་སྐྱིད་འགྲུབ་ཐབས་ལུ་ ཕན་ཐོགས་ཤོས་ཅིག་སྦེ་འབྱུང་ཚུགས་ནི་གི་རེ་དོན་ཨིན།


དམིགས་དོན།

རྫོང་ཁའི་སྐད་ཡིག་འདི་ ཞིབ་འཚོལ་མཐིལ་ཕྱིན་གྱི་ཐོག་ལས་ དུས་མཐུན་ཚད་ལྡན་གྱི་རྒྱལ་ཡོངས་སྐད་ཡིག་ཅིག་ལུ་ གནས་ཚད་ཡར་དྲག་བཟོ་ཞིནམ་ལས་ རྒྱལ་ཁབ་ཀྱི་དམིགས་དོན་འགྲུབ་ཚུགསཔ་འབད་ནི། དེ་ཡང་ རྫོང་ཁའི་ངག་གཤིས་ཀྱི་ཁྱད་རྣམ་གཙོ་བོར་བཟུང་ཐོག་ལས་ དེང་སང་གི་བྱ་སྟབས་བདེ་བའི་ཁྱད་ཆོས་ཀྱིས་ཟུར་བརྒྱན་ཏེ་ ཡར་ཐོན་ཅན་གྱི་སྐད་ཡིག་ཅིག་ལུ་ཡར་རྒྱས་གོང་འཕེལ་དང་ ལག་ལེན་འཐབ་གོ་བདེ་ཏོག་ཏོ་བཟོ་སྟེ་ འབྲུག་མི་ག་ར་གིས་ལག་ལེན་འཇམ་ཏོང་ཏོ་སྦེ་འཐབ་ཚུགསཔ་ཅིག་བཟོ་ནི་ལུ་ དམིགས་གཏད་བསྐྱེདཔ་ཨིན།