འབྲུག་རྒྱལ་ཁབ་ནང་གི་གཡུས་སྐད།

|རྫོང་ཁ།|ལ་ཁ།|ལྷོག་པུ།|ལེབ་ཅ།|ལྷོ་མཚམས་ཁ།|གཉན་ཁ།|ཨོ་ལེ་ཁ།|དུར་ཁ།|བུམ་ཐང་ཁ།|ཁེངས་ཁ།|དགོངས་འདུས།|ཀུར༌སྟོད༌པའི༌ཁ།|
|ཁྱོད༌ཅག༌ང༌ཅག|ཆ༌གླིང༌པའི༌ཁ།|ཛ༌ལ།|བོད་ཁ།|ཚངས་ལ།|དྭགས་པ།|འབྲོག་པ།|


འབྲུག་ལུ་རྫོང་ཁ་བརྩིས་ཏེ་ ཁ་སྐད་མ་འདྲཝ་ལེ་ཤ་ཡོདཔ་ཨིན། འདི་གི་ནང་ལས་ ཁ་སྐད་དག་པ་ཅིག་མ་གཏོགས་ གཞན་མང་ཤོས་ཅིག་ར་ ཡི་གུའི་ཐོག་ལུ་བྲི་ནིའི་སྲོལ་མེདཔ་ཨིན། ཁ་སྐད་འདི་ཚུ་གི་སྐོར་ལས་ ལོ་རྒྱུས་མདོར་བསྡུས་རེ་ས་གནས་ཀྱི་ཆགས་ཚུལ་ ནུབ་ལས་ཤར་ཁ་ཐུག་གི་གོ་རིམ་དང་འཁྲིལ་ཏེ་ གཤམ་ལུ་བཀོད་དེ་ཡོདཔ་ཨིན།.

རྫོང་ཁ།

རྫོང་ཁ་འདི་ འབྲུག་གི་རྒྱལ་ཡོངས་སྐད་ཡིག་ཨིནམ་ལས་ སྐད་ཡིག་འདི་ ཧཱ། སྤ་རོ། ཐིམ་ཕུག སྤུ་ན་ཁ། དར་དཀར་ན། ཆུ་ཁ། མགར་ས་དང་། དབང་འདུས་ཕོ་བྲང་གི་རྫོང་ཁག་ཚུ་ནང་ལུ་སླབཔ་ཨིན།

ལ་ཁ།

ལ་ཁ་འདི་ དབང་འདུས་ཕོ་བྲང་རྫོང་ཁག་འོག་གི་ སྲས་ཕུག་རྒེད་འོག་ནང་ལུ་སླབ་དོ་ཡོདཔ་ད་ རྫོང་ཁ་དང་ཆ་འདྲཝ་སྦེ་ཡོད་པའི་ཁ་སྐད་ཅིག་ཨིན། ལ་ཁ་སླབ་མི་འདི་ཚུ་ དཔལ་ལི་ལའི་རྒྱབ་ཁར་ཡོད་པའི་རུ་ཀུ་སྦྱིས་གཡུས་ཚན་བརྒལ་ཏེ་ ཀྲོང་གསར་ཁ་ཐུག་འགྱོ་སའི་ལམ་ཁར་ ནི་ཀུ་ཆུ་གི་ལྕགས་ཟམ་གྱི་སྟོད་ལུ་མཐོང་མིའི་གཡུས་ཚན་ཚུ་ནང་ལས་ཕར་ཡོདཔ་ཨིན།

ལྷོག་པུ།

ལྷོག་པུ་ལུ་རྫོང་ཁའི་ནང་ ལྷོ་པའི་ཁ་ཟེར་སླབཔ་ཨིན། ཁ་སྐད་འདི་ བསམ་རྩེ་རྫོང་ཁག་འོག་གི་ ལྟག་པ་དང་འགྲམ་སྡིངས་ཀྱི་གཡུས་ཚན་གཉིས་ཀྱི་ནང་ལུ་སླབཔ་ཨིན། ལྷོག་པུའི་ཁ་སྐད་སླབ་མིའི་མི་ཚུ་ལུ་ ལྷོ་མཚམས་པའི་སྐད་ནང་ལུ་ གྲོ་ཡ་ཟེར་སླབཔ་ཨིན།

ལེབ་ཅ།

ལེབ་ཅའི་ཁ་སྐད་སླབ་མི་ཚུ་ བསམ་རྩེ་རྫོང་ཁག་འོག་གི་བདེན་ཅུ་ཁའི་གཡུས་ཚན་ནང་ལུ་ཡོདཔ་ཨིན།

ལྷོ་མཚམས་ཁ།

རྒྱལ་ཁབ་ཀྱི་ལྷོ་ཕྱོགས་ས་གནས་ཚུ་ནང་ལས་ཕར་སླབ་སྲོལ་ཡོད་པའི་ ནེ་པཱ་ལིའི་ཁ་སྐད་ལུ་རྫོང་ཁའི་ནང་ལྷོ་མཚམས་ཁ་ཟེར་སླབཔ་ཨིན། ལྷོ་མཚམས་ཁ་སླབ་མི་ཚུ་ཡང་། བསམ་རྩེ། རྩི་རང་། གསར་སྤང། ཆུ་ཁ། དར་དཀར་ན་དང་། བསམ་གྲུབ་ལྗོངས་ཁར་གྱི་རྫོང་ཁག་ཚུ་ནང་ལས་ཕར་སྡོདཔ་ཨིན།

གཉན་ཁ།

གཉན་ཁའམ་མང་སྡེ་པའི་ཁ་འདི་ ཀྲོང་གསར་རྫོང་ཁག་ནང་གི་གཡུས་སྐད་ཨིན། ཁ་སྐད་འདི་ཀྲོང་གསར་རྫོང་ཁག་གི་ས་གནས་ནང་ལུ་ཁྱབ་ཆེཝ་སྦེ་ཡོདཔ་མ་ཚད་ དབང་འདུས་ཕོ་བྲང་རྫོང་ཁག་འོག་གི་ ཕོབ་སྦྱིས་ཁ། དྭངས་ཆུ། རུ་ཀུ་སྦྱིས་ཀྱི་གཡུས་ཚན་ཚུ་ནང་ཡང་སླབ་སྲོལ་ཡོདཔ་ཨིན། དེ་སྦེ་ས་གོ་རྒྱ་ཆེ་ར་དར་ཁྱབ་འགྱོ་མི་ལུ་བརྟེན་ཏེ་ གཡུས་ཚན་སོ་སོའི་ནང་ལུ་ཁ་སྐད་འདི་ ཨ་ཙི་རེ་མ་འདྲཝ་སྦེ་སླབ་སྲོལ་དར་ཏེ་ཡོདཔ་ཨིན།

ཨོ་ལེ་ཁ།

ཨོ་ལེ་ཁ་ལུ་ མོན་ཁ་ཟེར་ཡང་སླབ་སྲོལ་ཡོདཔ་ལས་ ཁ་སྐད་སླབ་མི་ཚུ་དབང་འདུས་དང་ཀྲོང་གསར་རྫོང་ཁག་གཉིས་ཀྱི་ནང་ལུ་ཁ་འཐོར་ཏེ་ཡོདཔ་ཨིན། འདི་ཡང་ དབང་འདུས་རྫོང་ཁག་འོག་གི་ རུ་ཁའི་གཡུས་ཚན་ནང་དང་ ཀྲོང་གསར་རྫོང་ཁག་འོག་ལུ་ ནབ་སྦྱིས་དང་སྐོར་ཕུག་གཡུས་ཚན་གཉིས་ཀྱི་རྒྱབ་ཁར་ཡོད་མིའི་ རི་ཏི་དང་ ཅུང་སེང་གཡུས་ཚན་གཉིས་ཀྱི་ནང་ལུ་སླབཔ་ཨིན། དེ་མ་ཚད་ ཀྲོང་གསར་དང་གཞལ་སྒང་གི་གཞུང་ལམ་ཁར་ མང་སྡེ་ཆུའི་ཕ་གི་ལོགས་ལུ་ ཝང་ལིང་། བྱང་སྦིས་དང་། ཕུམ་ཟུར་གཡུས་ཚན་ཚུ་ནང་ཡང་སླབ་སྲོལ་ཡོདཔ་ཨིན།

དུར་ཁ།

དུར་ཁ་འདི་ བུམ་ཐང་རྫོང་ཁག་འོག་གི་དུར་གཡུས་ཚན་ནང་ལུ་སླབ་སྲོལ་ཡོདཔ་ཨིན།

བུམ་ཐང་ཁ།

བུམ་ཐང་ཁ་འདི་ བུམ་ཐང་རྫོང་ཁག་གི་ རྒེད་འོག་བཞི་གི་ནང་ལུ་སླབཔ་མ་ཚད་ ཁྲུམ་ཤིང་ལའི་རྒྱབ་ཁར་ཡོད་པའི་ སེང་སྒོར་གཡུས་ཚན་ནང་ལུ་ཡང་སླབཔ་ཨིན། དེ་མ་ཚད་ བུམ་ཐང་ཁ་འདི་ ཀྲོང་གསར་རྫོང་ཁག་ནང་ལུ་ ནུབ་པའི་ཁ་ཟེར་སླབཔ་ཨིན། ཁ་སྐད་འདི་ཁེངས་ཁ་དང་ཀུར་སྟོད་པའི་ཁ་སྐད་དང་གཅིག་ཁར་ ཧ་ལམ་ཆ་འདྲ་སུ་ཅིག་སྦེ་ཡོདཔ་ཨིན།

Grammar of Bumthang:A Language of Central Bhutan by George van Driem.

ཁེངས་ཁ།

ཁེངས་ཁ་འདི་ གཞལ་སྒང་རྫོང་ཁག་ནང་གི་གཡུས་སྐད་ཅིག་ཨིན། ས་གནས་སོ་སོའི་ནང་ལས་ཕར་ ཁེངས་ཁ་སླབ་མི་ལེ་ཤ་ཡོདཔ་ལས་ ས་གནས་སོ་སོའི་ནང་ལུ་ ཁ་སྐད་འདི་ ཨ་ཙི་རེ་མ་འདྲཝ་སྦེ་སླབཔ་ཨིན། དེ་མ་ཚད་ ཀྲོང་གསར། དར་དཀར་ན། བཀྲིས་སྒང་དང་། བཀྲིས་གཡང་རྩེ་རྫོང་ཁག་ཚུ་ནང་ལུ་ཡང་སླབ་མི་ཡོད།

དགོངས་འདུས།

ཁ་སྐད་འདི་ རྫོང་ཁའི་ནང་ལུ་དགོངས་འདུས་པའི་ཁ་ཟེར་སླབཔ་ཨིན་རུང་ དགོངས་འདུས་པའི་ཁ་སྐད་སླབ་མི་ཁོང་ར་གིས་ དགོངས་འདུས་པ་ཨང་ ཡང་ན་ དགོངས་འདུས་སི་ཨང་ཟེར་ཡང་སླབཔ་ཨིན་པས། དགོངས་འདུས་པའི་ཁ་སྐད་སླབ་མི་ཚུ་ཡང་ མོང་སྒར་རྫོང་ཁག་འོག་གི་ དགོངས་འདུས་ཀྱི་གཡུས་ཚན་ བག་ལ། བག་ལ་ཤི་མོང་། བང་བ་ལ། བི་གར་སྦིས། ཆ་བུར། ཆའི༌སྦིས། དའི༌སྦིས། དག༌ས། འདམ༌མཁར། བདེན༌ཀ༌ལིང༌། ཨི༌འདུས། ཕོ༌ཙ༌ལ། གོར༌མཐོང༌ལ། དགོངས༌སྡེ། དགོངས༌འདུས། སྐོར༌མེ། ཀུ༌མ༌རྫོང༌། ལབ༌ཚ། མི༌ལྡན། ཕ༌ལྗོངས༌སྤམ། སྤང༌ཐང༌། པ༌ཏོང༌། པི༌ཀ༌རི། རུ༌ཀུང༌ལ། སྟོད༌ཀོར། ཚམ༌ལ༌སྦིས༌དང༌། ཝེ༌རིང༌ལ༌ཚུ༌ནང༌ཡོདཔ༌ཨིན།

ཀུར༌སྟོད༌པའི༌ཁ།

ཀུར༌སྟོད༌པའི༌ཁ༌སྐད༌འདི༌ལྷུན༌རྩེ༌རྫོང༌ཁག༌ནང༌ལུ༌སླབཔ༌ཨིན། ཁ༌སྐད༌སླབ༌མི༌ཚུ༌ཡང༌ རྫོང༌ཁག༌ནང༌མ༌ཚད༌ བྱང༌ཕྱོགས༌ཀྱི༌ས༌མཚམས༌ཚུན༌ར༌གཞིས༌ཆགས༌ཏེ་ཡོདཔ༌ཨིན།

Kurtöp Tone: A tonogenetic case study by Gwendolyn Hyslop
Kurtöp Case: The Pragmatic Ergative and Beyond by Gwendolyn Hyslop
Kurtöp and the Classification of the Languages of Bhutan by Gwendolyn Hyslop
On Kurtöp Morphophonemics by Gwendolyn Hyslop

ཁྱོད༌ཅག༌ང༌ཅག

ཁྱོད༌ཅག༌ང༌ཅག༌འདི༌རྫོང༌ཁ༌དང༌ཆ༌འདྲ༌སུ༌ཅིག༌ཡོདཔ༌ལས༌ ཁ༌སྐད༌འདི༌མོང༌སྒར། ལྷུན༌རྩེ། བཀྲ༌ཤིས༌གཡང༌རྩེ༌དང༌། བཀྲིས༌སྒང༌རྫོང༌ཁག༌བཞི༌ནང༌ལུ༌སླབཔ༌ཨིན། མོང༌སྒར༌རྫོང༌ཁག༌གི༌ཙ༌མང༌དང༌ཙ༌ཀ༌ལིང༌གཡུས༌ཚན༌ནང༌ལུ༌ གཡུས༌ཀྱི༌མིང༌ལས༌རྟ༌དྲངས༌ཏེ༌ མིང༌ཡང༌ཙ༌མང༌པའི༌ཁ༌དང༌ཙ༌ཀ༌ལིང༌པའི༌ཁ༌ཟེར༌སླབཔ༌ཨིན༌པས། འདི༌བཟུམ༌སྦེ༌ ལྷུན༌རྩེ༌རྫོང༌ཁག༌ནང༌ལུ༌ ཀུར༌སྨད༌པའི༌ཁ༌ཟེར༌སླབ༌དོ༌ཡོདཔ༌ལས༌ ཁ༌སྐད༌འདི༌ རྒྱ༌རས། བཙན༌མཁར། སྨད༌ཚོ༌དང༌། སྨིན༌རྗེ༌རྒེད༌འོག༌ཚུ༌ནང༌ལུ༌སླབཔ༌ཨིན། བཀྲ༌ཤིས༌གཡང༌རྩེ༌རྫོང༌ཁག༌ནང༌ལུ༌ཡང༌ སྟོང༌ཞང༌། ཁམ༌དྭངས། སྟོད༌ཚོ༌དང༌། གཡང༌རྩེའི༌རྒེད༌འོག༌ཚུ༌ནང༌ལུ༌སླབ༌དོ༌ཡོདཔ༌དང༌ བཀྲ༌ཤིས༌སྒང༌རྫོང༌ཁག༌གི༌བར༌མཚམས༌དང༌དགའ༌གླིང༌ལུ༌ཡང༌སླབཔ༌ཨིན།

ཆ༌གླིང༌པའི༌ཁ།

ཆ༌གླིང༌པའི༌ཁ༌སྐད༌འདི༌ མོང༌སྒར༌རྫོང༌ཁག༌ནང༌གི༌གཡུས༌སྐད༌ཅིག༌ཨིན། འདི༌ཡང༌ ཆ༌གླིང༌། ཝང༌མ༌མཁར། གོར༌ཚོམ༌དང༌། གཏོར༌མ༌གཤོང༌གི༌གཡུས༌ཀྱི༌ཉེ༌འདབས༌ཀྱི༌ས༌གནས༌ཚུ༌ནང༌སླབཔ༌ཨིན།

ཛ༌ལ།

ཛ༌ལ༌ཁའམ༌ཛ༌ལ༌མཏ༌ཟེར༌མི༌ཁ༌སྐད་ལུ་ གཡང་རྩེ་པའི་ཁ་ཟེར་ཡང་སླབཔ་ཨིན། ཁ་སྐད་འདི་བཀྲ་ཤིས་གཡང་རྩེ་རྫོང་ཁག་འོག་གི་ ཁོ་ལོང་ཆུའི་སྟོད་ཀྱི་ས་གནས་ཚུ་ནང་སླབཔ་མ་ཚད་ ཀུར་སྟོད་ཀྱི་ས་གནས་ གཙང་ངོ་། དགོན་པ་དཀརཔོ་དང་། མཁོ་མ་ལུ་ཡང་གཡུས་ཀྱི་མིང་ལས་རྟ་དྲངས་ཏེ་མཁོ་མ་པའི་ཁ་ཟེར་ཆ་འདྲ་སུ་ཅིག་སླབཔ་ཨིན།

བོད་ཁ།

བོད་ཁ་འདི་ འབྲུག་ལུ་གཞིས་ཆགས་ཏེ་སྡོད་མིའི་བོདཔ་ཚུ་གིས་སླབཔ་ཨིན། ཁོང་ཚུ་ཐིམ་ཕུག་དང་ ཁྲོམ་གཞན་ཁ་ལས་ཕར་གཞིས་བཅགས་ཏེ་ མང་ཤོས་ར་ཚོང་ལཱ་རྐྱབ་སྡོད་མི་ཨིན་པས། དེ་གིས་མ་ཚད་ བཀྲ་ཤིས་གཡང་རྩེ་རྫོང་ཁག་ཚུ་ནང་ལུ་ ཁམ་པའི་ཁ་སྐད་སླབ་མི་ཡང་ཡོདཔ་ཨིན་པས།

ཚངས་ལ།

ཚངས་ལ་ལོ་འདི་རྫོང་ཁའི་ནང་ལུ་ ཡོངས་གྲགས་ལུ་ཤར་ཕྱོགས་པའི་ཁ་ཟེར་སླབཔ་ཨིན། ཚངས་ལ་ཁ་སྐད་སླབ་མི་ཚུ་ མོང་སྒར། བཀྲ་ཤིས་སྒང་། པདྨ་དགའ་ཚལ། བསམ་གྲུབ་ལྗོངས་མཁར་དང་། བཀྲ་ཤིས་གཡང་རྩེ་རྫོང་ཁག་ཚུ་ནང་ལས་ཕར་ཁྱབ་ཆེཝ་སྦེ་ར་དར་ཏེ་ཡོདཔ་ཨིན། དེ་མ་ཚད་ ལྷུན་རྩེ་གི་ས་གནས་ཐིམ་ཡུལ་དང་ གཞལ་སྒང་རྫོང་ཁག་འོག་གི་ འབྲོག་དཀར་རྒེད་འོག་ནང་ལུ་ཡང་སླབ་དོ་ཡོདཔ་ཨིན་མས། ཨིན་རུང་ཡང་ ལུང་པ་སོ་སོའི་མི་ཚུ་ཕྱདཔ་ད་ ཚངས་ལའི་ཁ་སྐད་གཅིག་ལུ་ཡང་ ཨ་ཙི་རེ་མ་འདྲཝ་ཡོདཔ་ཨིན་པས། ཚངས་ལའི་ཁ་སྐད་འདི་འབྲུག་ལུ་མ་ཚད་ འབྲུག་རྒྱལ་ཁབ་ཀྱི་ཕྱི་ཁའི་ས་གནས་དག་པ་ཅིག་ནང་ར་སླབ་སྲོལ་འདུག དཔྱེ་འབད་བ་ཅིན་ ཨ་རུ་ན་ཅལ་པར་དེཤ་གི་ནང་ རྟ་ཝང་ལུ་ཡང་སླབ་སྲོལ་ཡོདཔ་ཨིན།

དྭགས་པ།

དྭགས་པའི་ཁ་སྐད་སླབ་མི་འདི་ བཀྲ་ཤིས་སྒང་དང་བཀྲ་ཤིས་གཡང་རྩེ་རྫོང་ཁག་གཉིས་ནང་མ་ཚད་ ཨ་རུ་ན་ཅལ་པར་དེཤ་གི་ས་གནས་རྟ་ཝང་ལུ་ཡང་སླབཔ་ཨིན།

འབྲོག་པ།

འབྲོག་པ་སྐད་འདི་ བཀྲ་ཤིས་སྒང་རྫོང་ཁག་འོག་གི་ མེ་རག་དང་སག་སྟེང་གཡུས་ཚན་ནང་སླབཔ་ཨིན། ཁ་སྐད་འདི་ལུ་ཚངས་ལའི་ཁ་སྐད་ནང་ལུ་ བྲ་མི་ལོ་ཟེར་སླབཔ་ཨིན།