བརྡ་དོན་འཕྲུལ་རིག་ཞབས་ཏོག་ལས་ཚན།

རྒྱལ་ཁབ་ནང་ སྐད་ཡིག་དང་མི་སྡེའི་རིམ་འགྱུར་དང་འཁྲིལ་ཏེ་ ལེགས་སྒྱུར་དང་གོང་འཕེལ་གཏང་དགོ་པའི་དོན་ཚན་ཐོག་ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་བརྡ་དོན་འཕྲུལ་རིག་ལས་ཚན་གྱི་ལཱ་དང་འགན་ཁུར་ཚུ་གཤམ་གསལ་ལྟར་ཨིན།

རྫོང་ཁའི་ཡུ་ནི་ཀོཌ་དུས་མཐུན་གོང་འཕེལ།

དུས་རིམ་བཞིན་དུ་རྫོང་ཁའི་ཡུ་ནི་ཀོཌ་གོང་འཕེལ་དང་དུས་བསྟུན་བཟོ་སྟེ་ རྫོང་ཁ་འདི་ ཨིང་ལིཤ་སྐད་ཡིག་དང་འདྲ་མཉམ་ལག་ལེན་འཐབ་ཚུགསཔ་བཟོ་ནི།

རྫོང་ཁའི་གློག་རིག་གི་མཉེན་ཆས།

འབྲུག་མི་ག་དེ་མང་མང་གིས་ རྫོང་ཁའི་གློག་རིག་ལག་ལེན་འཐབ་ཚུགསཔ་བཟོ་ནི་གི་ཐབས་ལུ་ མཉེན་ཆས་བཟོ་ནི་དང་བཙུགས་ནི་ མཉེན་ཆས་ལག་ལེན་གྱི་དཀའ་ངལ་ཚུ་སེལ་ཐབས་འབད་ནི།

རྫོང་ཁའི་ཡིག་བཟོ།

རྫོང་ཁ་འདི་ཡང་ སྐད་ཡིག་གཞན་མཚུངས་ཀྱི་མཐུན་རྐྱེན་ཚང་ཚུགསཔ་བཟོ་ནི་དང་ ཧེ་མ་ལས་ཡོད་མི་ཡིག་བཟོ་མ་འདྲཝ་ཚུ་གི་ཁྱད་ཆོས་ཉམས་མ་བཅུག་པར་བཞག་ཐབས་ལུ་ རྫོང་ཁའི་མགྱོགས་ཡིག་དང་ཚུགས་ཡིག་གི་ཡིག་བཟོ་ཚུ་ལེགས་བཅོས་དང་གོང་འཕེལ་གཏང་ནི།

རྫོང་ཁའི་ཡིག་སྡེབ་དག་བཅོས་རིམ་ལུགས་བཟོ་ནི།

རྫོང་ཁའི་ཡིག་སྡེབ་དང་ཡིག་སྦྱོར་དག་བཅོས་ འཕྲུལ་རིག་ཐོག་ལས་འབད་ཚུགསཔ་བཟོ་ནིའི་དོན་ལུ་ གློག་རིག་ནང་ལས་རྫོང་ཁའི་ཡིག་སྡེབ་ཀྱི་དག་བཅོས་དང་ ཡི་གུའི་སྦྱོར་བའི་དག་བཅོས་རིམ་ལུགས་ཚུ་དུས་བསྟུན་བཟོ་ནི།

སྐད་ཡིག་གི་གནད་སྡུད།

སྐད་ཡིག་གོང་འཕེལ་རྒྱབ་རྟེན་གྱི་དོན་ལུ་དང་ སྐད་ཡིག་གི་རང་གཤིས་དག་བཅོས་ཚུ་གི་དོན་ལུ་ ཞིབ་འཚོལ་དང་རྩོམ་སྒྲིག་སྡེ་ཚན་གྱིས་ ཚིག་དོན་དང་རྣམ་དབྱེ་ཚུ་གི་འགྲེལ་བཤད་བཟོ་མི་དང་ འབྲུག་རྒྱལ་ཁབ་ཀྱི་སྐད་ཡིག་རྫོང་ཁ་དང་ཁ་སྐད་གཞན་ཚུ་གི་ གནད་སྡུད་ཚུ་བཟོ་ནི།

སྐད་ཡིག་གི་གྲུབ་འབྲས་ཚུ་ཨང་གནས་གློག་རིམ་ཅན་ལུ་བཟོ་ནི།

ཞིབ་འཚོལ་དང་རྩོམ་སྒྲིག་སྡེ་ཚན་གྱིས་སྐད་ཡིག་གྲུབ་འབྲས་ དེ་ཡང་ ཚིག་མཛོད་དང་ བརྡ་གཞུང་ དེ་ལས་ དཔེ་དེབ་གཞན་ཚུ་ མི་མང་ལུ་བགོ་བཀྲམ་འཇམ་ཏོང་ཏོ་སྦེ་ འབད་ཚུགས་ནི་ཨིནམ་མ་ཚད་ རྗོད་སྒྲའི་ལམ་སྟོན་ཚུ་ཡང་ ཨང་གནས་ཅན་གྱི་ཐོན་རིམ་ནང་ལུ་བཙུགས་ཏེ་བྱིན་ནིའི་དོན་ལུ་ བརྡ་བརྒྱུད་འཕྲུལ་རིག་ལས་ཚན་གྱིས་ བརྩོན་ཤུགས་བསྐྱེད་དེ་ སྐད་ཡིག་གི་གྲུབ་འབྲས་ཚུ་ཨང་གནས་ཅན་གྱི་གློག་རིམ་ནང་ལུ་བསྒྱུར་ནི།

རྫོང་ཁའི་བརྡ་བརྒྱུད་ལས་རིམ།

རྫོང་ཁ་གོང་འཕེལ་གྱི་ལས་རིམ་གང་མང་ ཡོངས་འབྲེལ་འཆར་སྒོ་དང་མཐོང་ཐོས་ལས་རིམ་ རྒྱང་མཐོང་བརྙན་སྟོན་རིམ་ལུགས་ནང་བཟོ་སྟེ་སྟོན་ཞིནམ་ལས་ མི་མང་ལུ་ཤེས་ཡོན་དང་རྫོང་ཁ་དར་ཁྱབ་གཏང་ནི་ལུ་རྩ་འགེངས་ནི།

ལས་ཁུངས་གཞན་དང་མཉམ་འབྲེལ།

རྒྱལ་ཁབ་ནང་ བརྡ་དོན་འཕྲུལ་རིག་དང་འབྲེལ་ཡོད་ཀྱི་ལས་ཁུངས་གཞན་ཆ་མཉམ་དང་གཅིག་ཁར་ བརྡ་བརྒྱུད་འཕྲུལ་རིག་གི་ གོང་འཕེལ་ལུ་ཤེས་རྟོགས་ཀྱི་ཐོག་ལས་ འདི་དང་འབྲེལ་བའི་གནད་དོན་ཚུ་ནང་མཉམ་འབྲེལ་འབད་ནི།